འབྲུ་རིགས་ཐོན་འབོར་ལོ་གཉིས་བསྟུད་མར་སྐས་རིམ་གསར་པར་རྒྱུན་འཁྱོངས་ཐུབ་པ་དང་མི་རེར་ཆ་སྙོམས་སྤྱི་རྒྱ་ལྔ་བརྒྱ་ལས་བརྒལ་བ།
རྒྱ་མ་དུང་ཕྱུར་ཁྲི་1.4ཟིན་པ་ལས་རྒྱལ་ཁབ་ཆེན་པོའི་ཞིང་ལས་ཀྱི་རྨང་གཞི་བརྟན་པོ་མངོན་པ།
ལག་པར་འབྲུ་རིགས་ཡོད་ན། སེམས་ཁྲལ་གཏན་ནས་མི་དགོས། 2025ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་14297.5ཟིན་ནས་2024ལོར་རྒྱ་མ་དུང་ཕྱུར་ཁྲི་1.4ལས་ཐོག་མར་བརྒལ་རྗེས་ལོ་གཉིས་བསྟུད་མར་སྐས་རིམ་གསར་པར་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་ལ་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པས་འབྲུ་རིགས་བདེ་འཇགས་ངེས་པར་དུ་ང་ཚོ་རང་ཉིད་ཀྱིས་འགན་ལེན་བྱེད་དགོས། ཀྲུང་གོ་བའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུགས་དགོས”ཞེས་ནན་བཤད་གནང་ཡོད།
འཛམ་གླིང་གི་འབྲུ་རིགས་ཐོན་སྐྱེད་རྒྱལ་ཁབ་ཆེ་ཤོས་ཨང་དང་པོ་ཡིན་པའི་རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཟ་མའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩི་གི་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པར”རྒྱང་ལྟ་བྱེད་སྐབས། རང་རྒྱལ་གྱི་འབྲུ་རིགས་ལོར་ཐོན་ཚད་2021ལོའི་རྒྱ་མ་དུང་ཕྱུར་13657ནས་2025ལོའི་རྒྱ་མ་དུང་ཕྱུར་14297.5བར་མང་དུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་འབྲུ་རིགས་རྒྱ་མ་5ཟིན་པ་ནས་རྒྱ་མ་1ལྷག་ཙམ་ཀྲུང་གོ་ནས་ཐོན་སྐྱེད་བྱེད་ཀྱི་ཡོད། རང་རྒྱལ་གྱི་མི་རེའི་ཆ་སྙོམས་འབྲུ་རིགས་བཟུང་ཚད་དེ་2021ལོའི་སྤྱི་རྒྱ་483ནས་མིག་སྔའི་སྤྱི་རྒྱ་500ལྷག་ཙམ་བར་འཕར་ཡོད་པ་རེད།
འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་གསོ་ཐུབ་པ་དང་བཟའ་འབྲུ་རྦད་དེ་བདེ་འཇགས་ཡིན་པ་དེས“ཁྱིམ་ཚང་ཆུང་ཆུང”མང་པོའི་བདེ་སྐྱིད་ཀྱི་འཚོ་བར་རྨང་གཞི་བཏིང་པ་དང་། ཀྲུང་གོ“ཁྱིམ་ཚང་ཆེན་པོ”དེ་ཉིད་ཉིན་བཞིན་མ་འདས་པར་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་པ། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་འོག གོ་ལ་ཧྲིལ་པོའི་འབྲུ་རིགས་ཁྲོམ་རར་བརྟན་པོའི་རང་བཞིན་དང་ངེས་གཏན་རང་བཞིན་ཆེ་རུ་བཏང་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་སེམས་མངོན་པ་བཅས་བྱས་ཡོད་པ་རེད།
རྒྱ་མ་དུང་ཕྱུར་ཁྲི་1.4ཟིན་པ་ལས་རྒྱལ་ཁབ་ཆེན་པོའི་ཞིང་ལས་ཀྱི་རྨང་གཞི་སྔར་བས་བརྟན་དུ་སོང་བ་མངོན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱིས་ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་དང་གནམ་གཤིས་ངན་པོ་བསྟན་པ་ལས་ཐོན་པའི་ངེས་གཏན་མིན་པའི་རང་བཞིན་ཁྱད་བསད་བྱས་ཏེ། འབྲུ་རིགས་ཀྱི་ཐོན་འབོར་བརྟན་པོ་དང་ཐོན་འཕར་མངོན་འགྱུར་བྱུང་ཡོད། དེ་དག་ནི་སྲིད་ཇུས་དང་ཚན་རྩལ་གོམ་སྟབས་གཅིག་གྱུར་བྱུང་བ་ལས་ཐོན་པ་ཞིག་རེད།
སྲིད་ཇུས་བཟང་པོ་རེ་རེས་ལོ་ལེགས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།
ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་ལོ་མང་རིང་རྒྱལ་ཁབ་ཀྱི་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་གནས་བབ་ཨང་དང་པོར་བཞག་པ་དང་། ཏང་སྲིད་འགན་མཚུངས་དཔྱད་ཞིབ་ཀྱིས“ཕྱོགས་སྟོན་དབྱུ་གུའི”ནུས་པ་བཏོན་པ། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དངུལ་གེགས་འགོག་གེགས་སེལ་དང་ཐོན་འབབ་བརྟན་པོར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཁྱབ་ཁོངས་སུ་གནད་སྨིན་སྤྱད་པ། ཐན་པ་དང་ཆུ་ལོག་སོགས་ཀྱི་འགྲན་སློང་གི་མདུན་དུ་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་འཕྲུལ་ཆས་བཀོད་གཏོང་བྱས་ནས་ཉིན་མཚན་དབྱེར་མེད་དུ་མྱུར་བསྡུ་བྱས་པ་དང་དེ་བཞིན་ས་ཁོངས་དང་། གནོད་འཚེའི་རིགས། ལོ་ཏོག་བཅས་ཀྱི་རིགས་ཕྱེ་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལག་རྩལ་བསམ་འཆར་བཟོས་པ་སོགས་དངོས་དངོས་རྗེན་རྗེན་གྱི་མ་དངུལ་བཏང་ནས་རོགས་སྐྱོར་གནད་སྨིན་དང་ནུས་ལྡན་བྱས་པར་འབྲུ་རིགས་འདེབས་ཁྱོན་ལོ་བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་ནུས་ཆེའི་མཐུན་སྦྱོར་གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་གྱི་ལམ་སྲོལ་ལ་འགོག་རགས་བརྟན་པོ་ཞིག་བསྐྲུན་པས། འབྲུ་རིགས་ཐོན་སྐྱེད་དེ“གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ”ནས“ཡུལ་བབ་དང་བསྟུན་ནས་འབྲུ་རིགས་འདེབས་པའི”བར་ཕྱོགས་སྒྱུར་རིམ་སྤོར་བྱུང་བ་རེད།
ལག་རྩལ“གསར་པ”མང་པོས་ལོ་ལེགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
ཡུས་ཧྲུའུ་ཚན་རྩལ་གྱིས་སུག་བཞིའི་འཕྲུལ་མི་རིག་ལྡན་ཞིང་ལས་ཁྱབ་ཁོངས་སུ་སྤྱོད་པ་དང་ཀྲུང་གོ་ཚན་རིག་ཁང་གིས་འཛམ་གླིང་གི་རང་སྒུལ་སྐོར་སྐྱོད་ཀྱི་རྒྱུད་འདྲེས་ཟེའུ་འབྲུ་སྡེབ་སྦྱོར་གྱི་རིག་ནུས་སོན་གསོའི་འཕྲུལ་མི་ཐོག་མ་དེ་ཞིབ་བཟོ་ལེགས་གྲུབ་བྱུང་བ་དང་། སྤུས་ལེགས་ཐོན་མཐོའི་ཆུ་འབྲས་དང་སྤུས་ལེགས་ཆེད་སྤྱོད་གྲོ་སོགས་ཐོན་སྐྱེད་ལ་མཁོ་བའི་སྣ་ཁ་གལ་ཆེན་རང་བརྟེན་སྐྱེ་འཚར་ཐུབ་པ། འབྲུ་རིགས་གཤོངས་ཆེའི་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་དང་སྤུས་ལེགས་སོན་འདེབས་འཕྲུལ་འཁོར་སོགས་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་བཀོད་སྒྲིག་བྱས་པ་སོགས། 2025ལོར་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་64%ལས་བརྒལ་ནས་ཞིང་ལས་ཐོན་སྐྱེད་ལ་ཚན་རྩལ་གྱི་ནུས་པ་སྔར་བས་ལྡན་པར་བྱས་ཡོད་པ་རེད།
ལོ་བསྟུད་མར་ལོ་ལེགས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པར་མི་མངོན་པའི་གཏིང་ཤུགས་གང་དག་ཡོད་དམ།
2025ལོར་རང་རྒྱལ་གྱི་འབྲུ་རིགས་མུའུ་རེའི་ཐོན་འབབ་ལོ་གོང་མ་ལས་སྤྱི་རྒྱ་4.4འཕར་ཡོད། མུའུ་རེའི་ཐོན་འབབ་མཐོ་རུ་ཕྱིན་པ་དེས་རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་ནས་འབྲུ་རིགས་ཐོན་ནུས་སྐས་རིམ་གསར་པར་སླེབས་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱིས་ཞིང་ས་དེ་བས་མང་བ་ཞིང་ས་གཤིན་པོར་གྱུར་པ་དང་། སོན་ལས་དར་རྒྱས་བྱ་སྤྱོད་ཀྱིས“ཀྲུང་གོའི་འབྲུ་རིགས”ལ“ཀྲུང་གོའི་སོན་བཟང”གཙོ་བོར་སྤྱོད་པ་ལ་སོགས། ཞིང་ས་གཤིན་པོ་དང་། སོན་བཟང་། གོ་སྐབས་བཟང་པོ། བྱེད་ཐབས་བཟང་པོ་བཅས་མཉམ་འདྲེས་གཏིང་ཟབ་དང་མ་ལག་འདུས་གྲུབ་བྱས་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་ཐོན་ནུས་རྨང་གཞི་མུ་མཐུད་བརྟན་དུ་བཏང་བ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང“འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་གྱི་ནུས་པ་ཆེ་རུ་གཏོང་དགོས་པ”བཏོན་ཡོད། ཐོན་འབབ་ཐོན་ནུས་དང་། ཐོན་སྐྱེད་སྐྱེ་ཁམས། ཐོན་འཕར་འབབ་འཕར་བཅས་ལ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཁོར་འབྲེལ་ཧྲིལ་པོ་ནས་ནུས་ཤུགས་བཏོན་ཏེ། མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཕོར་ཐུན་མོང་ཐོག་བརྟན་པོ་བསྲུངས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གཏིང་ཤུགས་དང་གདེང་ཚོད་དེ་བས་ཆེ་བ་སྣོན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།