དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་དྲུག་ཙམ་ཟིན་པ།

    ཡུལ་སྐོར་བའི་མི་གྲངས་དང་འགྲོ་སོང་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-27

    རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞིའི་ལྟེ་གནས་ནས་ཚད་ལེན་ཞིབ་རྩིས་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་9ཡི་རིང་། རྒྱལ་ཡོངས་སུ་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་5.96ཟིན་པ་དེ་2025ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་8ཀྱི་རིང་ལས་མི་ཐེངས་དུང་ཕྱུར་0.95འཕར་བ་དང་། རྒྱལ་ནང་དུ་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་8034.83ཟིན་པ་དེ་2025ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་8ཀྱི་རིང་ལས་སྒོར་དུང་ཕྱུར་1264.81འཕར་ཏེ། ཡུལ་སྐོར་བའི་མི་གྲངས་དང་འགྲོ་སོང་གཉིས་ཀ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

    རིག་གནས་བྱེད་སྒོས་ལོ་གསར་དགའ་གཏོང་གི་རྣམ་པ་ཟབ་ཏུ་ཕྱིན་ཞིང་། མངོན་མིན་རིག་གནས་ཤུལ་བཞག་གི་བཀྲག་མདངས་མངོན་པར་བྱས་ནས“མངོན་མིན་རིག་གནས་ཤུག་བཞག་གིས་ལོ་གསར་བསུ། ཀྲུང་གོའི་ལོ་གསར་གྱི་རྣམ་པ་ཉམས་སུ་མྱོང་བའི”བརྗོད་དོན་གཙོ་བོའི་ལྟད་མོ་རྒྱུན་མཐུད་ནས་བསྟན་ཡོད། ས་ཆ་མང་པོ་ཞིག་གིས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་ཚོགས་མཆོད་འཁྲུག་ཆ་དོད་པོ་སྤེལ་བར་རིག་རྩལ་འཁྲབ་སྟོན་ལ་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད།

    དམངས་ཕན་བྱ་ཐབས་ཀྱིས་གསོན་ཤུགས་འཕེལ་ནས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཤུགས་ཆེར་འཕར་ཞིང་། 2026ལོར་རྒྱལ་ཡོངས་སུ་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཟླ་བའི་བྱེད་སྒོ་འཁྲུག་ཆ་དོད་པོ་སྤེལ་ནས། ས་གནས་ཁག་ཏུ་གཅིག་སྡུད་ཀྱི་འཛད་སྤྱོད་འཛིན་ཤོག་དང་ཆེད་དོན་ཁ་གསབ་སྤྲོད་པ་སོགས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་ཁྲོམ་རའི་མཁོ་སྤྲོད་གཉིས་ཀ་དར་རྒྱས་བྱུང་ཡོད། ཧྥུའུ་ཅན་གྱིས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་སྒོ་ཐེངས་4300ལྷག་ཙམ་སྤེལ་བ་དང་ཆེད་དོན་གཟིགས་སྐྱོང་གི་སྲིད་ཇུས་ཁག་560ལྷག་ཙམ་བཏོན་པ་དང་། ཧུའུ་ནན་གྱིས་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་རིན་གོང་གཅོག་པ། དམངས་ཕན་གྱི་སྒྱུ་རྩལ་འཁྲབ་སྟོན་སོགས་འཛད་སྤྱོད་སྐུལ་སྤེལ་གྱི་བྱེད་སྒོ་ཐེངས་3000ལྷག་ཙམ་སྤེལ་ཡོད་ལ། ཁྲུང་ཆིང་གིས་རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ་ཐེངས་1300ལྷག་ཙམ་དང་ཕྱིར་སྐྱོད་པར་ཁ་གསབ་སྒོར་ཁྲི་5000ལྷག་ཙམ་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།