ཀྲུང་གོའི་ཐད་རྒྱུག་གློག་འདྲེན་ལག་རྩལ་མཐོ། པར་ཙིར་ཁྱིམ་ཚང་མང་པོར་འོད་སྣང་སྦྱིན།

འདི་ནི་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་ཀྱི་ལས་མིས་གློག་རྒྱུན་སྒྱུར་ཚིགས་ལས་གཉེར་གྱི་ཞིབ་ཕྲའི་གནས་ཚུལ་ལ་གྲོས་བསྡུར་བྱེད་བཞིན་པ།
ཞོགས་པའི་ཆུ་ཚོད་དྲུག་པ་ལྷག་ཙམ་ལ་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ནས་གནམ་གྲུ་ཐེངས་གཉིས་བརྗེས་ནས་ཆུ་ཚོད་8ཙམ་འཕུར་རྗེས་པར་ཙིར་བྱང་རྒྱུད་ཀྱི་ཕཱ་ལ་ཀྲོའུ་ཡི་ཨར་ཐཱ་སྨི་ལར་འབྱོར། གནམ་གྲུའི་གྲུ་ཚང་ནས་ཕྱིར་དོན་སྐབས་གཤེར་ཚད་ལྡན་པའི་མཁའ་རླུང་ཚ་འུར་འུར་ཞིག་ངོ་གདོང་ལ་འཕྱུར་འོང་བ་ནི་ཐིག་དམར་དང་ཐག་ཉེ་བའི་ཆར་ནགས་ཀྱི་གྲོང་ཁྱེར་དེས་འགྲུལ་པར་སྦྱིན་པའི་བག་ཆགས་ཐོག་མ་དེ་རེད། དེ་ནས་གསར་འགོད་པས་མུ་མཐུད་རླངས་འཁོར་ལ་ཆུ་ཚོད་གཅིག་ལྷག་ཙམ་བསྡད་དེ་སླར་ཡང་གྲུ་ལ་བསྡད་རྗེས་མཐར་པར་ཙིར་གྱི་མེ་ལི་ཧྲན་གནམ་མཐོའི་ཐད་རྒྱུག་གློག་འདྲེན་རྣམ་གྲངས(གཤམ་དུ“མེ་ལི་ཧྲན་རྣམ་གྲངས”ཞེས་བསྡུ་རྒྱུ)ཀྱི་གློག་སྐྱེལ་མཐའ་སྣེ་ཤིན་ཀུའུ་གློག་རྒྱུན་སྒྱུར་ཚིགས་སུ་འབྱོར།
མཐོ་ས་ནས་གློག་རྒྱུན་སྒྱུར་ཚིགས་ལ་བལྟས་ཚེ། ལྕཌ་སྒྲོམ་ནམ་མཁའི་དབྱིངས་ལ་ཟུག་པ་ལྟ་བུར་སྣང་ཞིང་། གློག་རྒྱུན་སྒྱུར་བའི་སྒྲིག་ཆས་ནས་གློག་སྡུད་སྒྲ་གསལ་པོར་གྲགས། ཤིན་ཀུའུ་གཙང་པོའི་ཐོག་མེ་ལི་ཧྲན་ཆུ་ཤུགས་གློག་ཁང་ནས་ཐོན་པའི་ཆུ་གློག་ཐོན་ཁུངས་འབེལ་པོ་དག་ཆན་ཧྥུའུ་±800ཡི་ཐད་རྒྱུག་གློག་ཏུ་བསྒྱུར་ནས་སྤྱི་ལེ་2500ཡི་གནམ་མཐོའི་ཐད་རྒྱུག་གློག་འདྲེན་སྐུད་ལམ་བརྒྱུད་པར་ཙིར་གྱི་ཤར་ལྷོའི་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་ཆེ་ཞིང་མི་འབོར་མང་བའི་ས་ཁུལ་དུ་བཏང་སྟེ་མི་ཁྲི་2200ཡི་གློག་གི་དགོས་མཁོ་སྐོང་གི་ཡོད།
“ལི་གཡོད་རེ་ནེ་ལུའུ་ནས་འདིར་ཐེངས་གཅིག་ཡོང་བར‘ལ་བརྒྱབ་ཀླུང་བརྒལ’བྱས་ཏེ་ཉིན་ཕྱེད་ཙམ་སྐྱོད་དགོས་མོད། འོན་ཀྱང་གློག་རྒྱུན་ཤིན་ཀུའུ་གློག་རྒྱུན་སྒྱུར་ཚིགས་ནས་མེ་ལི་ཧྲན་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་མཐའ་སྣེའི་ལི་གཡོད་རེ་ནེ་ལུའུ་ཡི་གློག་རྒྱུན་སྒྱུར་ཚིགས་སུ་གློག་རྒྱུན་འདྲེན་པར་སྐར་ཆ་0.01ཡང་འགོར་གྱི་མེད”ཅེས་སུན་ཀྲེང་གིས་བཤད་པ་དང་། ཁོང་གིས་དེ་ལྟར་ཡིན་སྟབས་རྣམ་གྲངས་དེར་པར་ཙིར་གྱི“གློག་ཤུགས་མྱུར་བགྲོད་ལམ་བུ”ཞེས་འབོད་ཀྱི་ཡོད་ཅེས་བཤད།
“ཤིན་ཀུའུ་གློག་རྒྱུན་སྒྱུར་ཚིགས་གནས་ཡུལ་ནི་སྔོན་ཆད་ཡུག་གཅིག་ཏུ་འབྲེལ་བའི་ནགས་ཚལ་སྟུག་པོ་ཞིག་ཡིན་པས་མི་ཧ་ཅང་མཐོང་དཀའ། ཀྲུང་གོ་དང་པར་ཙིར་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ད་ཆ‘ཚན་རྩལ་གྱི་མཐོ་ས’ཞིག་ཏུ་གྱུར་ཡོད”ཅེས་སུན་ཀྲེང་གིས་གསར་འགོད་པར་བཤད། མེ་ལི་ཧྲན་རྣམ་གྲངས་དེ་དུས་མཚམས་གཉིས་སུ་ཕྱེ་ཞིང་། གློག་སྐྱེལ་མཐའ་སྣེ་ཚང་མ་ཤིན་ཀུའུ་གློག་རྒྱུན་སྒྱུར་ཚིགས་སུ་ཡིན་པ་དང་རྒྱལ་ཁབ་གློག་དྲ་པར་ཙིར་ཚོད་འཛིན་ཀུང་སིས་གློག་རྒྱུན་སྒྱུར་ཚིགས་དང་གློག་སྐུད་གཉེར་སྐྱོང་དང་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད། ཤིན་ཀུའུ་གློག་རྒྱུན་སྒྱུར་ཚིགས་ཀྱི་འཁོར་རྒྱུག་ཉམས་གསོའི་བཟོ་བཀོད་པ་ལུའོ་ཏེ་ལི་ཀོ·པེ་ཨར་ནཱ་ཏིས“གནམ་མཐོའི་ཐད་རྒྱུག་གློག་འདྲེན་ལག་རྩལ་གྱིས་ང་ལ་མདུན་ལམ་གསར་པ་ཞིག་སྟོན་པ་མ་ཟད། ངར་ཉིན་ལྟར་ཤེས་བྱ་གསར་པ་དང་བྱ་དངོས་གསར་པ་ཤེས་ཀྱི་འདུག འདི་གར་ལས་ཀར་སླེབས་རྗེས། གནམ་མཐོའི་ཐད་རྒྱུག་གློག་འདྲེན་ལག་རྩལ་སྦྱོང་ཐེངས་དང་པོ་ཡིན། ལས་རོགས་རྣམས་དང་མཉམ་དུ་སློབ་སྦྱོང་ལྷོད་མེད་བྱས་ནས་ཤེས་བྱ་གསར་པ་སྦྱོང་གི་ཡོད། ལག་རྩལ་འདིས་ང་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་བ་མ་ཟད། པར་ཙིར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་རམ་འདེགས་ནུས་ལྡན་ཐུབ་ཡོད”ཅེས་བཤད།
ཤིན་ཀུའུ་གློག་རྒྱུན་སྒྱུར་ཚིགས་ཀྱི་ཅིང་ལི་ཁེ་ལའེ་པོ་སན·མོ་ཏའེ་ལིས“ཀྲུང་གོས་ལག་རྩལ་དེ་པར་ཙིར་ལ་བསླབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་ལག་རྩལ་དང་ཀྲུང་གོའི་སྒྲིག་ཆས་ཀྱིས་པར་ཙིར་ལ་བར་ཐག་རིང་བ་དང་། ཤོང་ཚད་ཆེ་བ། ཟད་གྲོན་ཆུང་བ་བཅས་ཀྱི་གློག་ཤུགས་འདྲེན་གཏོང་ཐུབ་པར་རོགས་རམ་བྱས་ནས་པར་ཙིར་འདི་ཉིད་ལ་ཏིང་མེ་གླིང་གི་གནམ་མཐོའི་ཐད་རྒྱུག་གློག་འདྲེན་ལག་རྩལ་ཡོད་པའི་རྒྱལ་ཁབ་དང་པོར་གྱུར་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།