དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་ཆུ་འབྲེལ་ཞིང་མཛའ་གྲོགས་ཡུན་རིང་ལྡན། ཀྲུང་ལོའི་མཛའ་གྲོགས་རྒྱང་ལམ་གསར་པ་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྥང་ཧུང་།   |     སྤེལ་དུས།  2026-02-27

    ཟླ་2ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་འཕྲིན་ལན་སྤྲིངས་ནས། 2026ལོ“ཀྲུང་ལོའི་མཛའ་གྲོགས་ལོར”གཏན་འཁེལ་བྱས་པ་དང་སྦྲགས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་དེས་འདི་ལོ་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ནི་རི་ཆུ་འབྲེལ་ཞིང་མི་རབས་ནས་མི་རབས་བར་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་ཡག་པོ་དང་གྲོགས་པོ་ཡག་པོ་རེད་ལ། བློ་སེམས་གཅིག་མཐུན་དང་ལས་དབང་གཅིག་མཐུན་གྱི་བློ་མཐུན་ཡག་པོ་དང་རོགས་ཟླ་ཡག་པོའང་རེད།

    ཡུན་རིང་མ་སོང་གོང་། 2026ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་ཚོགས་མཆོད་ལོ་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་ཤིང་། ས་གནས་ས་ཐོག་ཏུ་རིག་རྩལ་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། མཉམ་འགུལ་ཉམས་ལེན་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བས་སྤྲོ་སྣང་ལྡན་པའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཀྲུང་གོ་དང་ལོ་སིའི་ལོ་སྐོར་རིག་གནས་ཁྲོད་ད་ལོ་ནི་རྟ་ལོ་ཡིན་ལ། དེར་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་བློ་སེམས་གཅིག་མཐུན་གྱི་མཆོང་རྒྱུག་སྟོབས་ཤུགས་མཚོན་གྱི་ཡོད།

    ཀྲུང་གོ་དང་ལོ་སི་ནི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་གསར་བརྗེའི་འཐབ་རྩོད་ཁྲོད་རྩ་བ་ཚུགས་པ་ཞིག་ཡིན། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པར། ཀྲུང་གོའི་དམག་དམངས་ཀྱིས་ལོ་སིའི་མི་རིགས་རང་བཙན་དང་བཅིངས་འགྲོལ་བྱ་གཞག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཤིང་། ཚེ་སྲོག་ལ་བརྟེན་ནས་ཀྲུང་གོ་དང་ལོ་སིའི་དབར་ནམ་ཡང་འགྱུར་བ་མེད་པའི་མཛའ་གྲོགས་རྡོ་རིང་སྐྲུན་མཁན་ཀྲུང་གོའི་དཔའ་བོ་215ལོ་སིའི་ཀྲུང་གོའི་དཔའ་བོའི་དུར་ས་3དུ་པུར་འཇུག་བྱས་ཡོད་པ་དང་། ཀྲུང་གོས་ཀོང་ཤིས་ནན་ནིང་དུ་བཙུགས་པའི“དྲུག་བདུན”སློབ་གྲྭས་ལོ་སིའི་ད་ལྟའི་འགོ་ཁྲིད་མང་པོ་ཚུད་པའི་ལོ་སིའི་གསར་བརྗེའི་བུ་ཕྲུག་ཆིག་སྟོང་ལྷག་ཙམ་གསོ་སྐྱོང་བྱས་པ་དེ་དག་ཀྲུང་གོ་དང་ལོ་སིའི་གསར་བརྗེའི་མཛའ་གྲོགས་ཀྱི་གསོན་ཉམས་ལྡན་ཤོས་ཀྱི་མཆན་འགྲེལ་ཞིག་ཏུ་གྱུར་ཡོད།

    ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ནི་མཉམ་གྲོས་མཉམ་སྐྲུན་དང་གཉིས་ཁེ་གཉིས་ཕན་གྱི་དངོས་སྒྲུབ་མཉམ་ལས་ཁྲོད་དར་རྒྱས་བྱུང་བ་ཞིག་ཡིན། ལྕགས་ལམ་ལྷོ་བྱང་དུ་སྦྲེལ་མཐུད་ཐུབ་པ་དེས“སྐམ་ས་ནས་འབྲེལ་བ་མི་ཐུབ་པ”ནས“སྐམ་སའི་མཉམ་འབྲེལ་རྒྱལ་ཁབ”ཏུ་གྱུར་ཡོད། ཀྲུང་ལོ་ལྕགས་ལམ་ཤར་གཏོང་འཁོར་སྐྱོད་བྱས་ནས་ལོ་4ལྷག་ཙམ་སོང་རིང་། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་6600ལྷག་ཙམ་དང་དངོས་ཟོག་ཏུན་ཁྲི་7600ལྷག་ཙམ་སྐྱེལ་འདྲེན་བྱས་པ་དེ་མིང་དོན་མཚུངས་པའི“བགྲོད་ལམ་ཡག་ཤོས”དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། ལོ་སིའི་རྒྱལ་ཁབ་གློག་གཏོང་དྲ་བའི་མ་རྩ་མཉམ་འཇོག་ཀུང་སི་བཙུགས་ནས་ལས་གཉེར་བྱས་པ་དང་ཀྲུང་གོ་དང་ལོ་སིའི་ཆན་ཧྥུའུ་500ཡི་དྲ་སྦྲེལ་ལས་གྲྭ་ཐོན་སྐྱེད་བྱེད་འགོ་ཚུགས་གྲབས་ཡོད་པ་དེས་ལོ་སིའི་ནུས་རྒྱུའི་བདེ་འཇགས་དང་ས་ཁོངས་གློག་ཤུགས་སྦྲེལ་མཐུད་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། རྨང་གཞིའི་སྒྲིག་བཀོད་ནས་ནུས་རྒྱུ་གསར་སྤེལ་བར་དང་། ཐོན་ལས་མཉམ་ལས་ནས་མི་ཐབས་རིག་ནུས་བཀོལ་སྤྱོད་བར་ཀྲུང་གོ་དང་ལོ་སིའི་མཉམ་ལས་དེ་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། རིམ་པ་དེ་བས་གཏིང་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད།

    ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ནི་ཕན་ཚུན་ཡིད་ཆེས་དང་དམངས་སེམས་གཅིག་མཐུན་གྱི་དམངས་འཚོའི་མཉམ་ལས་ཁྲོད་ཟབ་གཏོད་བྱས་ཡོད། ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་མཱ་ཧོ་སུའོ་ཕྱོགས་བསྡུས་སྨན་ཁང་དང་། ལོ་སིའི་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་། ཀྲུང་གོས་ལའོ་སིར་རོགས་སྐྱོར་བྱེད་པའི་གྲོང་གསེབ་དབུལ་སྐྱོར་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་སོགས་དམངས་འཚོའི་ལས་གྲྭ་རེ་རེ་བཞིན་བསྐྲུན་པ་དང་། མཉམ་སྤྱོད་ཐེབས་རྩ་ལྷན་ཚོགས་ཀྱི་ལོ་སིའི་སྐྱ་འགྲིབ་དང་ལོང་བའི་སྨན་བཅོས་ཀྱི་རྣམ་གྲངས་དང་། “C909གནམ་གྲུའི་སྨན་ཁང”གི་སྨན་བཅོས་སྤྱི་ཕན་བྱ་སྤྱོད་སོགས་སེམས་རྩ་འཁོལ་བའི་བྱ་སྤྱོད་རེ་རེ་བཞིན་ལག་ལེན་བསྟར་བ། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་ལོ་སིར་ཐད་ཀར་དང་གཞན་བརྒྱུད་ཀྱི་ལས་ཞུགས་ལས་གནས་ཁྲི་10ལྷག་ཙམ་བསྐྲུན་པ་དང་། ལག་རྩལ་པ་སྟོང་ཕྲག་ཁ་ཤས་ལ་གསོ་སྦྱོང་བྱས་པ། ཀྲུང་གོའི་སྨན་བཅོས་རིགས་གཅིག་མཁས་ཅན་དང་། དགེ་རྒན། གཞོན་ནུ་དང་བླངས་པ་བཅས་བརྒྱ་ལྷག་ཙམ་རྟག་ཏུ་ལོ་སིར་རྩ་བ་ཚུགས་ཏེ། “སློབ་གྲྭར་འགྲོ་དཀའ་བ”དང “སྨན་བཅོས་ལམ་ཐག་རིང་བའི”ལོ་སིའི་དམངས་ཚོགས་ཁྲི་ཁ་ཤས་ཀྱི་དཀའ་གནད་བསལ་ནས་ལོ་སིའི་གཞོན་ནུ་ཚོར་འབྱུང་འགྱུར་གསར་པ་བཏོད་ཡོད་ལ། ལོ་སིའི་མི་དམངས་ཀྱི་སེམས་སུ་ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་བརྟན་པོ་ངེས་པར་བྱས་ཡོད།

    ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ནི་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་མཉམ་གཉེར་བྱེད་པའི་རྒྱལ་སྤྱིའི་འགན་འཁུར་ཁྲོད་དུ་ཇེ་ཟབ་ཏུ་ཕྱིན་པ་ཞིག་ཡིན། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་རྒྱལ་སྤྱིའི་དུས་བབ་སྔར་བས་ཟིང་ཆ་ཆེ་བ་མ་ཟད། ཕྱོགས་རྐྱང་པའི་བཙན་ཤེད་ཇེ་ཆེར་འགྲོ་བཞིན་ཡོད། དེར་བརྟེན་ཀྲུང་གོ་དང་ལོ་སི་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ལག་ལེན་ཧུར་ཐག་བསྟར་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་ཤར་མའི་མཉམ་ལས། ལན་མེ་མཉམ་ལས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཐོག གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ལོ་སིས་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་ཚེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་དྲང་ནུས་དེ་བས་མང་བ་སྣོན་ཐུབ་ངེས་རེད།

    (རྩོམ་པ་པོ་ནི་ལའོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།