དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་བྱང་ཀྲོའུ་ཡིས་རྡུལ་ཕྲན་གྲོང་ལ་དམིགས་ནས“གསོན་ཉམས་དོད་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ”བཏོད་པ།

    མྱ་ངམ་ཐང་གི་མཛད་རྗེས་རྡོ་རིང་ལ་རེག་ནས་ལོ་ཟླའི་བྲག་ཅ་ཉན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཀུང་ཧྲི་ཅན། ཆའོ་ཏུང་། ཚའོ་ཅི་ཝེ།   |     སྤེལ་དུས།  2026-02-27

    འདི་ནི་སློབ་མ་ཚོས་རྡུལ་ཕྲན་གྲོང་དུ“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ”འཚོག་བཞིན་པ། (221རྟེན་གཞིའི་གནས་ཡུལ་རྙིང་པའི་གཞུང་ལས་ཁང་གིས་པར་རིས་མཁོ་འདོན་བྱས)

    འདི་ནི་221རྟེན་གཞིའི་གནས་ཡུལ་རྙིང་པའི་ཡན་ལག་བཟོ་གྲྭ་དང་པོའི་102ཡིའུ་ལྷུ་ལག་ལས་སྣོན་འཁོར་ཁང་གི་རྣམ་པ་ཡིན་པ།

    མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དུ་སློབ་མ་ཚོ་མནོ་བསམ་གྱི་ཀློང་དུ་ཚུད་ནས་ལྟ་སྐོར་བྱེད་ཀྱིན་འདུག

    “ང་ཚོའི་བློ་མཐུན་ཚོས་དཀའ་ངལ་གྱི་གནས་སུ་གྱར་སྐབས་གྲུབ་འབྲས་དང་འོད་ཟེར་མཐོང་བར་བྱས་ནས་ང་ཚོའི་བློ་སྟོབས་ཆེ་རུ་གཏོང་དགོས”རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་སྐབས་ཀོང་ཀྲོའུ་ནས་ཡོང་བའི་སློབ་ཆུང་སློབ་མ་འགའ་ཞིག་གིས་སྦྱར་ཡིག་རྒྱབ་ཏུ་གཏད་ནས་མཉམ་དུ་སྐད་གསང་མཐོན་པོས་ངག་སྐྱོར་བཏང་། རུ་སྣེ་ཁྲིད་མཁན་དགེ་རྒན་ཆིན་ལགས་ཀྱིས་ཁོང་ཚོ་མཚོ་སྔོན་དུ་འགྲན་བསྡུར་ལ་ཡོང་བའི་གོ་སྐབས་དང་བསྟུན་ནས་ཆེད་མངགས་འདི་གར་གསར་བརྗེའི་དྲན་ཤེས་འཚོལ་བར་ཡོང་བ་རེད་ཅེས་བཤད།

    སྦྱར་ཡིག་གི་འགྲམ་དུ། ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་འབར་གས་བྱས་ནས་གྲུབ་པའི་ཤ་མོའི་དབྱིབས་ཀྱི་སྤྲིན་པའི་དཔེ་དབྱིབས་ཀྲོང་ངེར་བཙུགས་ཡོད། རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་དང་གསར་བཟོ་རྟེན་གཞི(221རྟེན་གཞི)དང་པོའི་གནས་ཡུལ་རྙིང་པ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མཚོན་པའི་གསར་བརྗེའི་ས་ཁམས་ཀྱི་མཚོན་རྟགས་རེད་ལ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཡང་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་གསར་བརྗེའི་ཁུལ་འདི“གསོན་ཉམས་དོད་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ”ཞིག་ཏུ་བཏོད་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་སྲུང་དམག་དོན་ཉམས་ལེན། སྐྱེ་ཁམས་ཤེས་དཔལ་ལག་ལེན་བཅས་གཞི་གཅིག་ཏུ་འདུས་པའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་མ་ལག་རགས་ཙམ་ཆགས་ཡོད་པ་རེད།

    གྱང་མེད་པའི་གསར་བརྗེའི་འགྲེམས་ཁང་བསྐྲུན་པ།

    མཚོ་བྱང་ཀྲོའུ་མདའ་བཞི་རྫོང་ནི་གྱང་མེད་པའི་གསར་བརྗེའི་རྟེན་མཛོད་ཁང་ཞིག་རེད།

    རྫོང་གྲོང་གི་སྦྲག་ཁང་འགྲམ་གྱི་མངོན་གསལ་དེ་ཙམ་དོད་པོ་མེད་པའི་འཛུལ་ས་ཞིག་ནས་ཐུར་ལ་སྨི་10ལྷག་ཙམ་སོང་ན་ཡུལ་ལྗོངས་ཁྱད་པར་ཞིག་མཐོང་ཐུབ་པ་སྟེ། རླུང་འགྲོ་ཁང་དང་། ཐེག་རླབས་ཁང་། འཕྲིན་གཏོང་མིས་བཟོས་བརྗེ་རེས་ཁང་སོགས་འཕྲིན་གཏོང་སྒྲིག་ཆས་ཆ་ཚང་ཡོད་པ་དང་། ལོ་ངོ་60ལྷག་ཙམ་གོང་གི་གསར་བརྗེའི་དངོས་པོ་དེ་དག་ལས་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དག་དྲན་པའི་མེ་ལོང་ངོས་སུ་གསལ་པོར་འཆར་ཐུབ།

    མཚོ་བྱང་ཀྲོའུ་ཨུད་ཀྱི་དྲུང་ཆེ་གཞོན་པ་ཞུས་ལུང་ཤིང་གིས། ས་གནས་དེ་གས་ལོ་རྒྱུས་ཀྱི་ཡིག་ཆ་དང་དངོས་རྫས་ཆིག་སྟོང་ལྷག་ཙམ་བསྡུ་རུབ་བྱས་ནས་ཚན་རིག་མཁས་ཅན་གྱི་གཞུང་དོན་སྡོད་གནས་དང་འབར་མདེལ་ཚོད་ལྟ་བྱ་ཡུལ་སོགས་ཀྱི་རྣམ་པ་སླར་གསོ་བྱས་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་། ད་ཆ་221རྟེན་གཞིའི་གནས་ཡུལ་རྙིང་པར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་22སྔར་བཞིན་ཉར་ཚགས་ཡག་པོ་བྱས་པའི་ནང་བཟོ་གྲྭའི་ཁུལ་18དང་འཚོ་བའི་ཁུལ་4ཡོད་པ་དེ་དག་ཚང་མར་ལྟ་དགོས་ན་ཉིན་གཉིས་ཙམ་འགོར་གྱི་ཡོད་པ་རེད།

    ཉམས་གསོ་སྲུང་སྐྱོབ་ཁྱོན་ཡོངས་ནས་བྱེད་པ་ནི་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་བྱེད་སྟངས་ཤིག་རེད།

    མདའ་བཞི་རྫོང་གི“221རྟེན་གཞི”ཡི་གསར་བརྗེའི་ཐོན་ཁུངས་ཀྱི་ཟུར་མཆན་རི་མོ་འགྲེམས་སྐབས་རྫོང་ཡོངས་ལ་ཁྱབ་པའི་གསར་བརྗེའི་ཐོན་ཁུངས་ཧ་ཅང་མང་པོ་ཡོད་པ་རེད། “ང་ཚོས‘ས་ཆ་གཅིག་མཐོང་ན་དེར་སྲུང་སྐྱོབ’མ་བྱས་པར་ཚད་གཞི་མཐོ་པོས་འཆར་གཞི་བཀོད་ནས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་དང་བརྒྱུད་རིམ་ལྡན་པའི་སྲུང་སྐྱོབ་བྱས་ཏེ་གསར་བརྗེའི་ཐོན་ཁུངས་ཀྱི་ཐོག་མའི་ས་བཀྲ་ཆགས་པར་བྱས་ཡོད”ཅེས་221རྟེན་གཞིའི་གནས་ཡུལ་རྙིང་པའི་ལས་དོན་མི་སྣ་ཀྲུའུ་ཧྲུན་ཡུན་གྱིས་བརྗོད།

    སྲུང་སྐྱོབ་ལས་དོན་དོན་འཁྱོལ་ཡོང་བའི་འགན་ལེན་བྱ་ཆེད། ས་གནས་དེས་ཆེད་མངགས་སྲུང་སྐྱོབ་སྒྲིག་གཞི་བཙུགས་པ་དང་། གསར་བརྗེའི་ཐོན་ཁུངས་རིགས་དབྱེ་སྲུང་སྐྱོབ་ཀྱི་མིང་གཞུང་དང་གྲངས་གཞིའི་མཛོད་བཙུགས་པ། རིག་དངོས་ཀྱི་རང་གཟུགས་དང་ཚོ་འདུས་སྲུང་སྐྱོབ་སྤྱི་འདོམས་བྱས་པ། “འཆར་འགོད་བདུན་དང་། ཇུས་གཞི་བཞི། སྲོལ་ཡིག་གཅིག ས་བཀྲ་གཅིག འཆར་གཞི་གཅིག”བཟོ་རྒྱུ་ལེགས་སྒྲུབ་བྱས་ཏེ། སྤྱི་པའི་བར་སྟོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། གནས་ཡུལ་རྙིང་པ་སྒྱུར་བཀོད་གསར་བརྗེ། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་ལས་དོན་སྒྲུབ་རིང་འབྲེལ་མཐུད་ཡག་པོ་བྱས་ཏེ་གནས་ཡུལ་རྙིང་པའི་རིག་དངོས་ཀྱི་དངོས་ཡོད་རང་བཞིན་དང་ཆ་ཚང་རང་བཞིན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཡོད་པ་རེད།

    ཁྱད་ཆོས་གསུམ་གཞི་གཅིག་ཏུ་འདུས་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་བཏོད་པ།

    ཉེ་བའི་ལོ་ཤས་རིང་། ས་ཆ་འདིར་གསར་བརྗེའི་ཞིབ་སློབ་ཀྱི་ཚ་རླབས་འཕྱུར་ཞིང་། 2024ལོ་ཚུན་དུ། ནུབ་མཚོ་གྲོང་རྡལ་གྱིས་རིམ་རྩིས་བརྒྱབ་ན་ཞིབ་སློབ་བྱེད་མཁན་མི་ཐེངས་ཁྲི་22ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

    ནུབ་མཚོ་གྲོང་རྡལ་དུ་གསར་བརྗེའི་གནས་རྙིང་ཁུལ་མང་པོ་ཡོད་རུང་། བསམ་བློ་ཆབ་སྲིད་སློབ་ཚན་ཁྱབ་གདལ་གཏོང་བར་དེ་བས་མཐོང་ཆེན་བྱས་ཡོད། ས་གནས་དེ་གའི་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་ལྟེ་བར་བྱས་ཏེ་བྱེ་ཐང་བཅོས་སྐྱོང་ས་ཚིགས་དང་སྐྱེ་ཁམས་སྲུང་སྐྱོང་ཁུལ་སོགས་ཀྱི་ཐོན་ཁུངས་མཉམ་འགུལ་བྱས་ནས“གསར་བརྗེ་དང་སྐྱེ་ཁམས་ཟུང་འབྲེལ”དང“གསར་བརྗེ་དང་མི་རིགས་མཐུན་སྒྲིལ་ཟུང་འབྲེལ”སོགས་ཤེས་རྩལ་འཛོམས་པའི་བསམ་བློ་ཆབ་སྲིད་ལག་ལེན་ལམ་ཐིག་བཏོད་དེ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་སྲུང་དམག་དོན་ཉམས་ལེན། སྐྱེ་ཁམས་ཤེས་དཔལ་ལག་ལེན་བཅས་གཞི་གཅིག་ཏུ་འདུས་པའི“ཁྱད་ཆོས་གསུམ་ལྡན”གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་མ་ལག་ཆགས་ཡོད།

    ལྗང་མདོག་ནི་མཚོ་སྔོན་གྱི་ཐོག་མའི་རང་མདངས་ཡིན། ཁུ་ཐུའུ་བྱེ་བཅོས་དཔེ་སྟོན་ཁུལ་ནི་སྐྱེ་ཁམས་ཉམས་གསོའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། འདི་གར་སྔོན་ཆད་མཚོ་སྔོན་པོའི་བྱང་ཤར་ངོགས་ཀྱི་བྱེ་རླུང་ཆེན་པོ་ལྡང་བའི་ས་ཁོངས་ཤིག་རེད། ལོ་ངོ་བཅུ་ཕྲག་རིང་བྱེ་འགོག་བྱེ་བཅོས་རྒྱུན་མཐུད་བྱས་པ་བརྒྱུད། ད་ཆ་སྔོ་ལྗང་གིས་བརྒྱན་ཡོད། བསམ་བློ་ཆབ་སྲིད་སློབ་གསོའི་ལག་ལེན་རྟེན་གཞི་ཡིན་པའི་གནས་དེར་སློབ་མ་ཚོས་གླ་ཚེར་ནགས་བཟོ་སོགས་མཐོ་གྲང་བྱེ་ཁུལ་དང་འཚམ་པའི་སྔོན་ཐོན་ལག་རྩལ་བཀོལ་སྤྱོད་གྲུབ་འབྲས་ལ་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱེད་ཆོག་གི་ཡོད།

    གྲངས་ཉུང་མི་རིགས་ཀྱིས་མི་འབོར་གྱི་ཕྱེད་ཀ་ཙམ་བཟུང་བ་དེའང་མཚོ་སྔོན་གྱི་ཁྱད་ཆོས་རེད། 221རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ཁྲོད། ས་གནས་ཁག་ནས་ཡོང་བའི་མི་རིགས་མི་འདྲ་བའི་འཛུགས་སྐྲུན་མཁན་དང་ས་གནས་དེ་གའི་མང་ཚོགས་མཉམ་དུ་འཛོམས་ཏེ། ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་མང་པོ་ཁྱད་བསད་བྱས་ཡོད། བོད་རིགས་ཀྱི་གྲོང་ཚོ་ཧྲིལ་པོ་གནས་སྤོས་བྱས་པའི་གཏམ་རྒྱུད་ཀྱིས་ད་ལྟའི་བར་དུ་བཅར་འདྲིར་ཡོང་མཁན་མང་པོར་སེམས་འགུལ་ཐེབས་ཡོད་པ་དང་སྦྲ་གུར་ནང་མཉམ་དུ་ཚ་སོབ་སོབ་ཀྱིས་བསྡད་པའི་གཏམ་རྒྱུད་ཀྱང་ད་ཆའི་བར་གནས་ཡོད།

    མཚོ་སྔོན་གྱིས་ལོ་རྒྱུས་དུམ་བུ་དེའི་ཁྲོད་མི་རིགས་ཁག་གི་མཐུན་སྒྲིལ་མཉམ་ལས་ཀྱི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ཏེ། རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་གི་འགྲེལ་བཤད་ཁྲོད་ཆེད་མངགས་ལེའུ་བཟོས་ནས་མི་རིགས་ཁག་གིས་རྟེན་གཞི་འཛུགས་སྐྲུན་ཁྲོད་ཕུལ་བའི་ལེགས་སྐྱེས་ངོ་སྤྲོད་བྱས་ཡོད། མདའ་བཞི་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ“མདེལ་གཉིས་སྐར་གཅིག སེ་འབྲུ་དམར་པོ”ཞེས་པའི་སྤུས་རྟགས་བཏོད་ཅིང་། ནུབ་མཚོ་གྲོང་རྡལ་གྱི་ལམ་མདོའི་རྡོ་ལེབ་ངོས་སུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་ཡིག་འབྲུ་བརྐོས་ཡོད། གཞོན་ནུ་ལོ་ཆུང་གི“སེ་འབྲུའི་རྡོག་བཞིན་ཁྱིམ་ཚང་གཅིག་ལྟར་བརྩེ”སོགས་ཀྱི་ཞིབ་སློབ་གསོ་སྦྱོང་སྣ་ཚོགས་སྤེལ་བས། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཐུབ་ཡོད།

    མི་སེམས་ལ་ཟུག་པའི་འབད་འཐབ་གཏམ་རྒྱུད་ཡག་པོ་བཤད་པ།

    221རྟེན་གཞིའི་གནས་ཡུལ་རྙིང་པར་ལྟ་སྐོར་ལ་ཡོང་མཁན་ཁྲོད་གཞོན་ནུ་ལོ་ཆུང་གིས་མི་འབོར་གྱི་ཕྱེད་ཀ་ཙམ་བཟུང་ཡོད།

    “གཞོན་ནུ་ཚོས་འདི་གར་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་ཡར་བརྩོན་གྱི་སྟོབས་ཤུགས་ཉམས་ལེན་ཐུབ་ཚེ། གཞི་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་དེ་བས་མང་བ་གསོ་སྐྱོང་བྱེད་ཐུབ”ཅེས་ལཱ་ཧའེ་ཆིང་གིས་བཤད།

    གཞོན་ནུ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་དེ་ས་གནས་དེ་གར་སྐས་རིམ་རྣམ་པའི་སློབ་ཚན་མ་ལག་བཙུགས་ཡོད། སློབ་ཆུང་དང་། སློབ་འབྲིང་། སློབ་ཆེན་བཅས་དུས་མཚམས་མི་འདྲ་བའི་ཤེས་རྟོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། བློ་འབྱེད་རང་བཞིན་དང་། ཤེས་ཚོར་རང་བཞིན། ཞིབ་འཇུག་རང་བཞིན་བཅས་ཀྱི་སྐས་རིམ་རྣམ་པའི་སློབ་ཚན་བཏོད་ནས་སློབ་ཁྲིད་ཀྱི་ཕྱོགས་སྟོན་རྩོམ་སྒྲིག་བྱས་ཡོད། “ཚན་རིག་མཁས་ཅན་གྱི་སྙིང་སྟོབས”དང“རང་བརྟེན་གསར་གཏོད”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ཡུལ་རྣམ་ཏང་གི་སློབ་ཚན་དང་ཞིབ་སློབ་ལག་ལེན་སོགས་མཉམ་འགུལ་རྣམ་གྲངས་ལག་བསྟར་བྱས་ཏེ“མདེལ་གཉིས་སྐར་གཅིག”ཞིབ་བཟོའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ཆེ་བའི་ལག་རྩལ་གྱི་ཚད་བརྒལ་དང་དཔའ་བོ་དཔེ་བཟང་གི་བྱས་རྗེས་སོགས་མི་སེམས་ལ་ཟུག་པའི་འབད་འཐབ་གཏམ་རྒྱུད་ཚང་མ་གསོན་ཉམས་དོད་པའི་སློབ་ཁྲིད་ཀྱི་དཔེ་མཚོན་དུ་བསྒྱུར་ཡོད།

    མི་རིང་བའི་གོང་ཀྲུང་གོ་རྡུལ་ཕྲན་གྲོང་གི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པས་པེ་ཅིང་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་དུ་བསྐྱོད་དེ“ནམ་ཡང་རང་མདངས་མི་ཉམས་པའི་གསེར་དངུལ་ཐང་། ‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་ལས་ནམ་ཡང་འོད་སྣང་འཕྲོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྒྲོག་འགྲེལ་བྱེད་སྒོ་ཞིག་སྤེལ་ནས་སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཚན་གཏིང་ཟབ་ཞིག་འཚོགས་ཡོད། མིག་སྔར་ཀྲུང་གོའི་རྡུལ་ཕྲན་གྲོང་གི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པས་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་སྒྲོག་འགྲེལ་ཐེངས་460ལྷག་བྱས་ཡོད།

    མྱ་ངམ་ཐང་ནས་ཡུལ་དངོས་ཀྱི་སློབ་ཁྲིད་བར་དང་དེ་ནས་རྒྱལ་ཡོངས་སུ་ཁྱབ་པའི་སྙིང་སྟོབས་སྒྲོག་འགྲེལ་བྱས་པའི་བར“གསོན་ཉམས་དོད་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ”དེས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དུས་རབས་གསར་པར་ཡང་འོད་ཟེར་ལྷམ་ལྷམ་དུ་འཕྲོ་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།