དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཚི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-27

    ཟླ་2ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཚི་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ལི་མོ་ཚི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་གསུམ་པ་ཡིན་ཞིང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། ཡོ་རོབ་དང་འཛམ་གླིང་གི་ངོས་ནས་བརྗོད་ནའང་ཁྱབ་འགྱེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ཚུན་གྱི་འགྱུར་ལྡོག་གཏིང་ཟབ་ཤོས་འགྲོ་བཞིན་ཡོད། འཛམ་གླིང་དེ་ཉིད་ཇི་ཙམ་འགྱུར་ལྡོག་དང་ཟང་ཟིང་ཆེ་རུ་འགྲོ་བར་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་དེ་ཙམ་གྱིས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་གོམ་སྟབས་རྗེས་མའི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་དགོངས་འཆར་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནས་ཕན་ཚུན་རྒྱབ་སྐྱོར་གྱིས་བློས་འགེལ་ཆོག་པའི་རོགས་ཟླ་བྱེད་དགོས་ཤིང་། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོས་རང་ཉིད་ལ་གཞི་ཚུགས་ནས་འཕེལ་རྒྱས་མགྱོགས་པོ་བཏང་ཁར། ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་ཡིད་ཆེས། སྒོ་དབྱེ་མཉམ་ལས་བཅས་མཐའ་འཁྱོངས་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་ཐོབ་པའི་གཏམ་རྒྱུད་བརྩམས་ཡོད། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ལྡན་པ་དང་གདེང་ཚོད་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱས་ཏེ། འཇར་མན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མུ་མཐུད་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡིན། སླད་ཕྱིན་འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་དྲང་གཞག་དང་དཔྱོད་ཤེས་ལྡན་པའི་ལྟ་སྟངས་ཡང་དག་འཛིན་ནས་ཧུར་བརྩོན་དང་དངོས་སྒྲུབ་ཀྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

    གཉིས་ནས་སྒོ་དབྱེ་གཉིས་ཕན་གྱི་གསར་གཏོད་རོགས་ཟླ་བྱེད་དགོས་ཤིང་། འཇར་མན་སྲིད་གཞུང་གིས་ལག་རྩལ་དང་། གསར་གཏོད། གྲངས་འཛིན་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་འཐབ་ཇུས་གསར་པ་བཏོན་པ་དེ། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་འཚམ་མཐུན་གང་ཟབ་བྱུང་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ཤེས་ལྡན་མི་སྣ་དང་། ཤེས་བྱ། ལག་རྩལ་བཅས་ཕྱོགས་གཉིས་ནས་འཁོར་རྒྱུག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མི་ཐབས་རིག་ནུས་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་གླེང་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་འགྲན་རྩོད་དང་མཉམ་ལས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཐབས་ལམ་འཚོལ་ཞིབ་བྱས་ནས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོའི་ངང་ཤར་བགྲོད་ཐུབ་པར་སྲུང་སྐྱོང་བྱེད་དགོས།

    གསུམ་ནས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་མི་ཆོས་རིག་གནས་ཀྱི་རོགས་ཟླ་བྱེད་དགོས་ཤིང་། ཀྲུང་གོ་དང་འཇར་མན་གཉིས་ནི་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པའི་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་པོས་ཤེས་དཔལ་ཐད་ཕན་ཚུན་སློབ་སྦྱོང་དང་མིག་ལྟོས་བྱེད་རེས་ལ་ཤུགས་སྣོན་རྒྱག་པ་དང་མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་འཇར་མན་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་པའི་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་གྱི་མདུན་དུ་རྒྱལ་ཁབ་ཁག་གིས་བློ་སེམས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་བྱེད་དགོས། ཀྲུང་གོ་དང་འཇར་མན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་ཁྲིད་ནུས་པ་བསྐྱར་གསོ་བྱས་ཏེ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་མཁན་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལག་ལེན་བསྟར་མཁན། རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱེད་མཁན། མཐུན་སྒྲིལ་མཉམ་ལས་དར་སྤེལ་གཏོང་མཁན་བཅས་སྣེ་ཁྲིད་ནས་བྱེད་དགོས། ཡོ་རོབ་ཀྱིས་རང་ཚུགས་རང་དར་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། སླད་ཕྱིན་ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་མཚུངས་སུ་སྐྱོད་པ་དང་། འཐབ་ཇུས་རོགས་ཟླའི་ངེས་གནས་མཐའ་འཁྱོངས་བྱེད་པ། སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

    མོ་ཚིས་གསུངས་དོན། ཀྲུང་གོ་མི་དམངས་ཀྱིས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་པའི་སྐབས་སུ་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་དགའ་སྤྲོ་དཔག་མེད་བྱུང་། ཀྲུང་གོ་མི་དམངས་ལ་རྟ་ལོར་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། འཇར་མན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ཚུན་མཛའ་མཐུན་འགྲོ་འོང་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། འཇར་མན་ཕྱོགས་ཀྱིས་འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བར་གཅེས་འཛིན་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་། ཕན་ཚུན་བརྩི་འཇོག་དང་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད། འཇར་མན་གྱི་ཁེ་ལས་ལས་རིགས་ཀྱིས་ཀྲུང་གོའི་ཁྲོམ་རར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སླད་ཕྱིན་ཀྲུང་གོ་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པས་འཇར་མན་དང་ཀྲུང་གོས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་བཞིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་མོས་ཚོང་དོན་མཐའ་འཁྱོངས་བྱེད་པ། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་བློས་འགེལ་ཆོག་པ་དང་ཡུན་རིང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་གྱི་ཡོད་ལ། འཛམ་གླིང་བརྟན་ལྷིང་དར་རྒྱས་ཡོང་བར་ཕན་ཐོགས་ཀྱང་ཡོད། འཇར་མན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་དབར་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་ཞིང་། འགག་རྩ་ནི་གླེང་མོལ་དང་གྲོས་མོལ་བརྒྱུད་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། དེས་ན་ཕྱོགས་ཁག་འདྲ་མཉམ་ངང་ཞུགས་ཐུབ་པར་འགན་ལེན་བྱས་ནས་ཞི་བདེའི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། ཕྱོགས་ཁག་གི་ལུགས་མཐུན་དོ་ཁུར་ལ་ལྟ་རྟོག་བྱ་རྒྱུར་འགན་ལེན་བྱས་ནས་ཞི་བདེའི་བསམ་འདུན་ཆེ་རུ་གཏོང་དགོས། ཐུན་མོང་གི་བདེ་འཇགས་ལ་འགན་ལེན་བྱས་ནས་ཡུན་རིང་ཞི་བདེའི་སྒྲོམ་གཞི་འཛུགས་དགོས་ཞེས་བསྟན་གནང་བ་རེད།

    ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་གསལ་བསྒྲགས》སྤེལ་བ་རེད།

    ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།