དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞི་རིམ་དུ་རྩ་བ་ཚུགས། དྲོ་སྐྱིད་ཀྱི་མེ་ཏོག་བཞད།

    —— ཁྲེང་ཀོན་ཆུས་ཀྱི་2025ལོའི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཁྲིད་སྟོན་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-26

    དགུན་དུས་ཀྱི་ས་སྲོས་མཚམས་སུ། ལྷ་སར་དྲོ་འཇམ་ཉི་མ་དལ་གྱིས་བཞུད་མོད། འོན་ཀྱང་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་དུ་དྲོ་སྐྱིད་གཞན་ཞིག་འཕྱུར་བཞིན་ཡོད་དེ། ཁྱིམ་ཚང་ལོ་རྒྱུས་ཁང་དུ་རྒན་རྒོན་ཁ་ཤས་ཀྱིས་པར་རྙིང་པར་ལྟ་བཞིན་པ་དང་། ཉེ་འགྲམ་གྱི་སྡེ་ཁུལ་ཟ་ཁང་ནས་ཟས་ཀྱི་དྲི་ཞིམ་སྣ་ལ་འཐུལ་འོང་། མི་རིང་བའི་སར“ཆུ་ཚོད་དྲུག་དང་ཕྱེད་ཀའི་སློབ་ཁང”དུ་གློག་སྒྲོན་སྤར་ནས་སློབ་གྲྭ་གྲོལ་ལ་ཉེ་བའི་ཕྲུ་གུ་ཚོ་སྒུག་བཞིན་ཡོད་པ་རེད།

    དྲོ་སྐྱིད་ལྡན་པའི་རྣམ་པ་དེ་དག་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཏང་རྩ་འཛུགས་ཀྱི་རྩ་བ་གཞི་རིམ་ལ་བརྟན་པོར་ཚུགས་པ་དང་བཅོས་སྐྱོང་གི་དྲོད་འཁོལ་མི་སེར་གྱི་འཚོ་བར་མཉམ་འདྲེས་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། 2025ལོ་ཚུན་དུ། ཁྲེང་ཀོན་ཆུས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས་ཀྱི་རྩ་བ་གཞི་རིམ་དུ་ཚུགས་པ་དང་། ཞབས་ཞུ་སྔོན་ལ་འཇོག་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ལ་སྐུལ་འདེད་བཏང་ནས་ས་མཐོའི་གྲོང་ཁྱེར་གྱི་ཁྱད་ཆོས་དང་འཚམ་པའི་གཞི་རིམ་བཅོས་སྐྱོང་གི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།

    རྩ་འཛུགས་ཀྱི་ཞབས་ཞུ་གང་སར་ཁྱབ་པ།

    ཏང་ཡོན་གཉེན་ཉེར་གྱུར་པ།

    “དོན་དག་ཡོད་ན་སྒོའི་སྟེང་གི་བྱང་བུ་དམར་པོ་འཚོལ་ཞིག” ཀརྨ་དགོན་གསར་ཁྲོམ་གཞུང་གི་གྲོང་མིའི་སྒོ་རའི་ནང་གི་དུད་ཚང་མང་པོའི་སྒོའི་སྟེང་དུ་ཏང་ཡོན་གྱི་མིང་དང་ཁ་པར་བཀོད་པའི་བྱང་བུ་དམར་པོ་བཀལ་ཡོད། 2025ལོར་ཁྲེང་ཀོན་ཆུས་ཀྱིས་ཐོག་ཁང་གི་ཏང་ཙུའི་ཚོགས་ཆུང་523གསར་དུ་བཙུགས་པ་དང་ཏང་ཡོན་ཁྱིམ་ཚང་2600ལྷག་ཙམ་དེའི་ནང་ཞུགས་སུ་བཅུག་སྟེ་ཏང་རྩ་འཛུགས་ཀྱི་རྩ་བ་གང་སར་ཁྱབ་པར་བྱས་ཡོད།

    བཀྲ་ཤིས་དོན་གྲུབ་ནི་རྗེ་འབུམ་སྒང་སྡེ་ཁུལ་བདེ་གསལ་སྒོ་རའི་ཏང་ཡོན་གྱི་དུད་ཚང་གཙོ་བོ་རེད། ཟླ་11པའི་ཟླ་འགོར་སྒོ་རའི་ནང་གི་ས་འོག་ཆུ་ལམ་འགགས་པ་དེ་གྲོང་མི་ཚོས་སྐད་འཕྲིན་ཚོགས་པའི་ནང་སྙན་སེང་ཞུས་རྗེས། ཁོང་གིས་འཕྲལ་དུ་སྡེ་ལས་དང་སྡེ་ཁུལ་ལ་འབྲེལ་བ་བྱས་པས་ཉིན་གཉིས་ནང་གནད་དོན་ཐག་གཅོད་བྱུང་བ་རེད། “དེ་སྔ་དོན་དག་ཆུང་ཙག་དེ་རིགས་གཟའ་འཁོར་གཅིག་འགྱངས་ཀྱི་ཡོད། ད་ཆ་ཏང་གི་ཚོགས་ཆུང་ཡོད་པས་ང་ཚོའི་སྒོ་རའི་ནང་གི་དོན་དག་ཚང་མ་མཐུན་སྦྱོར་ཐག་གཅོད་ཐུབ་ཀྱི་འདུག”ཅེས་གྲོང་མི་སྒྲོལ་མས་མྱོང་ཚོར་ཟབ་མོས་བཤད།

    འགྱུར་ལྡོག་དེ་རིགས་ཁྲེང་ཀོན་ཆུས་སུ་བསྐྲུན་པའི“ཁྲོམ་གཞུང་དང་། སྡེ་ཁུལ། དྲ་མིག ཐོག་ཁང”བཅས་རིམ་པ་བཞིའི་རྩ་འཛུགས་མ་ལག་ལས་བྱུང་བ་ཞིག་རེད། ཏང་རྩ་འཛུགས་ནི་སྡེ་ཁུལ་གཞུང་ལས་ཁང་དུ་གནས་པ་ཙམ་མ་ཡིན་པར་སྡེ་ཁུལ་གྱི་སྒོ་ར་དང་རྒྱུན་གཏན་འཚོ་བར་མཉམ་འདྲེས་བྱུང་ཡོད།

    ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བས“སྡེ་ཁུལ་ཚང་མར་རང་ཉིད་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་རེ་ཡོད་དགོས་པ་དང་རང་ཉིད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་དགོས། མིག་སྔར། ཁྲེང་ཀོན་ཆུས་སུ‘ཁྲོམ་གཞུང་རེར་ཁྱད་ཆོས་རེ་དང་། གྲོང་ལྷན་རེར་སྤུས་རྟགས་རེའི’རྣམ་གྲངས་71བསྐྲུན་ཡོད། རྔ་ཆེན་ཁྲོམ་གཞུང་གིས་གསར་སྐྲུན་ཁུལ་ཆུང་མང་བའི་ཁྱད་ཆོས་ལ་དམིགས་ནས‘ཏང་ཡོན་སྡེ་ལས་མནའ་འབྲེལ’བཙུགས་ཏེ་ཁུལ་ཆུང་494ཚང་མར་སྡེ་ལས་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    དྲ་མིག་པས་དམངས་འཚོའི་བྱ་བ་དངོས་སྒྲུབ་པ།

    སྒོ་རྩར་ཞབས་འདེགས་གནད་སྨིན་ཞུ་བ།

    རྔ་ཆེན་ཁྲོམ་གཞུང་དུ་དྲ་མིག་པ་ཚེ་རིང་ཆོས་སྒྲོན་ལ“དམངས་ཀྱི་གནས་ཚུལ་མཚོན་པའི་ས་བཀྲ”མཐུག་པོ་ཞིག་ཡོད། དེབ་དེའི་ཐོག་ཚོས་གཞི་མི་འདྲ་བས་དུད་ཚང་རེ་རེའི་གནས་ཚུལ་བཀོད་ཡོད་པ་སྟེ། དམར་པོས་མི་ཧྲེང་རྒན་རྒོན་གྱི་ཁྱིམ་ཚང་མཚོན་པ་དང་། སྔོན་པོས་བཟའ་མི་གཉིས་ཀ་ལས་བཟོ་ཡིན་པའི་ཁྱིམ་ཚང་མཚོན་པ། ལྗང་ཁུས་བོགས་གཏོང་ཁང་པ་མཚོན་གྱི་ཡོད། ཁོང་གིས“དེ་ནི་ང་ཚོས་ཟླ་བ་གསུམ་རིང་ཤེས་རྟོགས་བྱེད་པར་བསྐྱོད་ནས་བྲིས་པ་ཞིག་ཡིན”ཞེས་བཤད།

    ལག་བྲིས་ས་བཀྲ་དེ་ལྟ་བུ་ཁྲེང་ཀོན་ཆུས་སུ་1150ཡོད་ཅིང་། ཆེད་བསྐོས་དྲ་མིག་པ་689ཡིས་བབ་ཆགས་ཤོས་ཀྱི་ཐོག་ནས་དངོས་འབྲེལ་དྲང་འབྲེལ་གྱི་དམངས་ཀྱི་གནས་ཚུལ་ཟིན་ཐོར་བཀོད་ཡོད། དེ་དང་ཆབས་ཅིག་ཚན་རྩལ་གྱི་སྟོབས་ཤུགས་ཀྱང་དུས་རྒྱུན་གྱི་བཅོས་སྐྱོང་ནང་མཉམ་འདྲེས་བྱས་ཡོད།

    “རིག་ལྡན་བཅོས་སྐྱོང་ནི་གྲང་ཤུར་ཤུར་གྱི་ལག་རྩལ་མ་ཡིན་པར་དྲོད་འཁོལ་གྱིས་ཕྱུག་པའི་ཞབས་ཞུ་རིམ་སྤོར་ཞིག་ཡིན”ཞེས་ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བས་བཤད། རིམ་སྤོར་བྱས་རྗེས་ཀྱི“སྤྱི་ཚོགས་ལས་དོན་ཀུན་སྒྲུབ”2.0ལས་སྟེགས་ཀྱིས། “སྤྱི་ཚོགས་ལས་དོན་པས་འབོད་སྐུལ་དང་སྡེ་ཚན་གྱིས་ལས་དོན་སྒྲུབ་པའི”མགྱོགས་མྱུར་དང་ལེན་ལམ་སྲོལ་བཏོད་པ་མ་ཟད། མི་དམངས་ཀྱི་འདོད་བློ་སྐོང་བའི་ཉིན་ཐོའི་བྱེད་ནུས་གསར་དུ་བསྣན་པ་སྟེ། དྲ་མིག་པས་འདྲི་རྟོག་ཏུ་སྐྱོད་པའི་གནས་ཚུལ་རེ་རེ་དང་མང་ཚོགས་ཀྱི་རེ་ཞུ་ཚང་མ་མ་ལག་གིས་ཐོ་འགོད་དང་དབྱེ་ཞིབ་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“གྲངས་གཞིའི་དཔེ་རིས”སུ་འགྱུར་བར་བྱེད་ཀྱི་ཡོད།

    ཞབས་ཞུ་གནད་སྨིན་ཐུབ་ཚད་དོན་དག་ཆུང་ཆུང་ཐག་གཅོད་ཐུབ་ཚད་ནས་མཐོ་རུ་བཏང་ཞིང་། ཀུན་བདེ་གླིང་ཁྲོམ་གཞུང་གིས་གྲོང་མིའི་དགོས་མཁོར་གཞིགས་ཏེ“ཆུ་ཚོད་དྲུག་དང་ཕྱེད་ཀའི་སློབ་ཁང”བཀོད་སྒྲིག་བྱས་ཏེ། ཁྱིམ་ཚང་2700ལྷག་ཙམ་གྱི་ཕྲུ་གུ་སློབ་གྲྭ་གྲོལ་རྗེས་ལྟ་རྟོག་བྱེད་མཁན་མེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། རླངས་འཁོར་འཇོག་ས་396གསར་པ་བཟོས་པས་ཁུལ་ཆུང་རྙིང་པར་རླངས་འཁོར་འཇོག་ས་དཀོན་པའི་ཁུར་པོ་ཡང་དུ་བཏང་བ། སྡེ་ཁུལ་གྱི་ཟ་ཁང་17གྱིས་རྒན་རྒོན་ལ་དུས་ཐོག་ཏུ་ཟ་མ་བཟོ་བ། ཉིན་མོའི་ལྟ་སྐྱོང་ལྟེ་གནས་4རྒན་རྒོན་ཚོའི“ཁྱིམ་ཚང་གཉིས་པར”གྱུར་པ་སོགས་ཡིན།

    མང་ཚོགས་ལྟེ་བར་གྱུར་པ།

    བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པ།

    གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ས་སྲོས་དུས་སུ། དོག་སྡེ་ཁྲོམ་གཞུང་གི་ཐང་ཆེན་དུ་རྐུབ་བཀྱག་ཆུང་ཆུང་བཅུ་གྲངས་ཁ་ཤས་བསྒྲིགས་ཡོད་པ་དང་། གྲོང་མི་དང་། ཚོང་དུད། སྡེ་ཁུལ་གྱི་ལས་བྱེད་པ་བཅས་དེ་གར་བསྡད་དེ། གད་སྙིགས་གཙང་སེལ་ནས་རླངས་འཁོར་འཇོག་ས་དོ་དམ་བར་ཚང་མས་གང་བསམ་ལྷུག་གླེང་བྱེད་བཞིན་ཡོད། “སྐོར་སྐྱོད་རྐུབ་བཀྱག་ཆུང་ཆུང”གི་དོན་གྲོས་ཚོགས་ཆུང་དེ་འདྲ་ཁྲེང་ཀོན་ཆུས་སུ་ཁག་28བཙུགས་ཡོད་པ་རེད།

    མང་ཚོགས་བཅོས་སྐྱོང་གི་ལྟེ་བར་གྱུར་པའི་གཏམ་རྒྱུད་མང་ནས་མང་དུ་འགྲོ་བཞིན་ཡོད། སྔགས་པ་གླིང་ག་སྡེ་ཁུལ་དུ“སྡེ་ཁུལ་མཉམ་ལས་པའི”ལམ་སྲོལ་གྱིས་ཚོང་དུད་23དང་སྤྱི་ཚོགས་རྩ་འཛུགས་5ཞབས་ཞུ་མཁོ་སྤྲོད་ནང་ཞུགས་པའི་ཡིད་དབང་བཀུག་པ་དང་། པ་གཟིམ་སྡེ་ཁུལ་གྱི“ཐོ་ཆུང་ཏིང་ཏང”དང་བླངས་ཞབས་ཞུ་རུ་ཁག་གིས་སྲོལ་རྒྱུན་གྱི་དངུལ་རྡུང་བའི་ཐོ་བ་ཆུང་ཆུང་དེ་སྙིང་སྟོབས་ཀྱི་མཚོན་ཆོས་སུ་བྱས་ཏེ། “མི་རིགས་མཉམ་སྐྱོང་དང་ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བ”ཟུང་འབྲེལ་གྱི་བཅོས་སྐྱོང་རྣམ་པ་གསར་གཏོད་བྱས་ཡོད་པ་རེད།

    མུན་པ་རུབ་སྐབས་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་ཏུ་གློག་སྒྲོན་གྱི་འོད་དལ་གྱིས་གསལ་ཞིང་། ཏང་དམངས་ཞབས་ཞུ་Vས་ཚིགས་སུ་ད་དུང་ལས་དོན་སྒྲུབ་མཁན་ཡོད་པ་དང་། སྡེ་ཁུལ་གྱི་ཟ་ཁང་ནས་དགོད་སྒྲ་ལྷང་ལྷང་གྲགས་པ། “ཆུ་ཚོད་དྲུག་དང་ཕྱེད་ཀའི་སློབ་ཁང”གི་ཕྲུ་གུ་ཚོ་ཡང་ཕ་མས་ཁྱིམ་དུ་འཁྲིད་ཟིན་པ། ས་མཐོའི་གནའ་གྲོང་འདིར་ཏང་རྩ་འཛུགས་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དེ་ཉིན་རེའི་དྲོད་འཁོལ་གྱིས་ཕྱུག་པའི་ཞབས་ཞུ་དང་། དུས་ཐོག་ཏུ་བརྡ་ལན་སློག་ཐེངས་རེ་རེ། ལས་དོན་དངོས་སྒྲུབ་ཐེངས་རེ་རེ་བཅས་བརྒྱུད་ཞིབ་ཕྲ་རུ་དང་གསོན་ཉམས་དོད་དུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།