ཡོང་སྒོ་ཅི་ཡང་མེད་པ་ནས་སྒོར་ཁྲི་ལྔ་བཅུ་ལྷག་ཙམ་བྱུང་བའི་བར།
—— སྣ་དཀར་རྩེ་རྫོང་ཁ་རག་ཤང་གིས“སྦྲང་རྩིའི་དཔལ་འབྱོར”གཉེར་སྟངས་གསར་པ་ཧུར་ཐག་བཏོད་པའི་སྐོར་བཀོད་པ།

འདི་ནི་སྣ་དཀར་རྩེ་རྫོང་ཁ་རག་ཤང་གིས་སྦྲང་ནོར་བུ་གསོ་བའི་ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་འཚོག་བཞིན་པ།

འདི་ནི་སྦྲང་སྒམ་ནང་འཚང་བའི་སྦྲང་ནོར་བུ་ཡིན་པ།

འདི་ནི་སྦྲང་ནོར་བུ་གསོ་མཁན་གྱིས་སྦྲང་རྩི་སྣོད་ཆས་ནང་བླུག་བཞིན་པ།
ཉེ་ཆར་སྣ་དཀར་རྩེ་རྫོང་ཁ་རག་ཤང་དུ་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད། 2024ལོ་དང་2025ལོར་སྦྲང་རྩིའི་ཐོན་ལས་གཉེར་བའི་ཁེ་སྤོགས་སྒོར་365820བྱུང་ནས་ཡུལ་མི་མི་རེ་ངོ་རེར་སྤྲོད་སྐབས་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
བགོ་འགྲེམས་མང་པོ་བརྒྱབ་པ་དེ་ལས་ས་བབ་མཐོ་སར་སྦྲང་ནོར་བུ་གསོ་བའི་ཐོན་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་པ་མངོན་ཡོད་ལ། ཁ་རག་ཤང་གིས་ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བའི་ལག་ལེན་གསོན་ཉམས་དོད་པ་ཞིག་ཀྱང་ཡིན་པ་མཚོན་གྱི་ཡོད།
དེ་སྔ་ཁ་རག་ཤང་གི་ས་བབ་མཐོ་ཞིང་དྲོད་ཚད་དམའ་བས་རང་བྱུང་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། ཁྱད་ལྡན་ཐོན་ལས་དཀོན་པ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཉུང་བ་བཅས་ཀྱི་དབང་གིས་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུ་དེ་སྐབས་ཤིག་རིང་ལག་བསྟར་བྱེད་ཐུབ་མེད།
ཏང་འཛུགས་སྐྱོང་གིས་དར་རྒྱས་ལམ་བུར་སྣེ་ཁྲིད་ནས།
རི་མཐོའི་སྤང་ཐང་དུ་སྦྲང་ནོར་བུ་གསོ་ཡུལ་བཙུགས་པ།
གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་ནི་རྨང་གཞི་ཡིན་པ་དང་། ཐོན་ལས་འཕེལ་རྒྱས་གཏོང་དགོས་ན་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་དགོས།
མང་ཚོགས་ཀྱི་ཡོང་འབབ་འཕར་དཀའ་བའི་གནད་དོན་ཐག་གཅོད་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྐུལ་སྤེལ་བྱ་ཆེད། ཁ་རག་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་སྡོད་རུང་བ། དམངས་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ལྡན་པར་བྱེད་དགོས་པའི”སྤྱིའི་བླང་བྱར་དམིགས་ཏེ། ས་གནས་ཀྱི་རི་མཐོའི་སྦྲང་རྩིའི་ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བའི་ཁྱད་ལྡན་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།
ཁ་རག་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ལས་མི་ཡན་ཏེང་ཅིན་གྱིས“ང་ཚོས་ས་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་ཤང་ཁོངས་སུ་རི་མཐོའི་སྤང་ཐང་དང་གདོད་མའི་སྡོང་ཐུང་སོགས་ཁྱབ་རྒྱ་ཆེ་བས་དེ་དག་གིས་སྦྲང་ནོར་བུ་གསོ་ཡུལ་ཞིག་ངང་གིས་ཆགས་ཡོད་པ་དང་། ས་བབ་མཐོ་སར་སྦྲང་ནོར་བུ་གསོ་བའི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་ཐུབ་ཚེ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་མང་ཚོགས་ཀྱི་འབབ་འཕར་ཡོང་གཞིར་འགྱུར་རྒྱུ་ཡིན་པ་ཤེས་རྟོགས་བྱུང”ཞེས་ངོ་སྤྲོད་བྱས།
2022ལོའི་སྔོན་དུ། སྦྲང་ནོར་བུ་གསོ་བའི་ཐོན་ལས་འདི་ཁ་རག་ཤང་གི་ཞིང་འབྲོག་པའི་ངོས་ནས་བཤད་ན་ཆ་རྒྱུས་གཏན་ནས་མེད་པ་ཞིག་རེད། དེ་དུས་མང་ཚོགས་ལ་ལག་རྩལ་གྱི་འདེགས་སྐྱོར་མེད་པ་མ་ཟད། མ་དངུལ་བཏང་རྗེས་ཁེ་བཟང་རག་མི་ཐུབ་པའི་སེམས་ཁྲལ་ཡོད་པར་བརྟེན་སྦྲང་ནོར་བུ་གསོ་བའི་ཐོན་ལས་འཕེལ་རྒྱས་གཏོང་མི་ཐུབ་པར་ལུས་ནས་ས་གནས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།
ལག་རྩལ་ས་མཐོར་གཞི་ཚུགས་ནས།
ཆ་རྒྱུས་མེད་མཁན་སྦྲང་ནོར་བུ་གསོ་མཁན་དུ་གྱུར་པ།
“ས་བབ་མཐོ་བ་དང་། ལག་རྩལ་དཀོན་པ། སྦྲང་ནོར་བུ་གསོ་ས་ཁ་ཐོར་ཡིན་པ་བཅས་ཀྱི་དབང་གིས་མི་མང་པོ་ཞིག་གིས་དེ་གར་སྦྲང་ནོར་བུ་གསོ་བའི་ཐོན་ལས་འཕེལ་རྒྱས་གཏོང་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་ཁ་རག་ཤང་གི་ཤང་ཀྲང་ཀརྨ་སྒྲོལ་མས་ཐོག་མར་དཀའ་ངལ་འཕྲད་སྐབས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དུ་བཤད། གནས་ཚུལ་དེར་དམིགས་ནས་ཁ་རག་ཤང་གིས“ཏང་འཛུགས་སྐྱོང་དང་ཐོན་ལས་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་སྟངས་སྔོན་ལ་བཏོད་ཐོག་ཤང་ཏང་ཨུད་ཀྱི་གཅིག་གྱུར་སྣེ་ཁྲིད་དང་བཀོད་སྒྲིག་ལ་བརྟེན་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། གྲོང་ཚོ་དྲུག་ནས་ཏང་ཡོན་རྐང་འཛིན་པ་དང་གཞོན་ནུའི་འཐུས་མི་བདམས་ནས་ཕྱིར་ཉམས་མྱོང་སློབ་སྦྱོང་བྱེད་པར་བཏང་སྟེ་སྦྲང་ནོར་བུ་གསོ་བའི་ལག་རྩལ་ཆ་ཚང་པོ་སྦྱངས་པ་རེད།
ལག་རྩལ་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་རྐང་དེ་ཡིན་པས། མང་ཚོགས་ཀྱིས“སྦྲང་ནོར་བུ་གསོ་མི་ཕོད་པ་དང་གསོ་མི་ཤེས་པའི”ཡོངས་ཁྱབ་ཀྱི་སེམས་ཁྲལ་ལ་དམིགས་ཏེ། ཁ་རག་ཤང་གིས་རང་འགུལ་ངང་ཁྲོམ་རའི་ཐོན་ཁུངས་དང་འབྲེལ་མཐུད་གནད་འཁེལ་ཡོང་བར་བྱས་ནས། བོད་ལྗོངས་མཚན་འགྲོགས་བུང་སྒྲ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དབར་དུས་ཡུན་ལོ་ལྔའི་སྦྲང་ནོར་བུ་གསོ་སྤེལ་དཔེ་སྟོན་རྣམ་གྲངས་ཞབས་ཞུའི་གན་རྒྱ་བཞག་པ་མ་ཟད། ཁེ་ལས་ཀྱི་ལག་རྩལ་པ་2གདན་དྲངས་ནས་ཤང་དུ་ཡུན་རིང་བསྡད་དེ་ངོ་ཐུག་གདོང་འཕྲད་ཀྱིས་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་གསོ་སྦྱོང་ཡང་བྱས་པ་རེད།
“སྦྲང་སྒམ་འཛུགས་ས་འདེམས་པ་དང་། སྦྲང་ནོར་བུར་རྒྱུན་གཏན་གཡོག་བྱེད་ནས་ནད་འབུའི་གནོད་འཚེ་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་ངང་སྦྲང་ནོར་བུར་འཚོ་བཅུད་སྤྲོད་ཐབས། ལག་རྩལ་པ་གསོ་སྐྱོང་བཅས་བར་གྱི་བརྒྱུད་རིམ་ཧྲིལ་པོར་མཇུག་འདེད་མཛུབ་ཁྲིད་བྱས་པས། ང་ཚོ་རིམ་བཞིན་ཆ་རྒྱུས་མེད་མཁན་ཞིག་ནས་ལག་རྩལ་ཤེས་ཤིང་གཉེར་སྐྱོང་ཐུབ་མཁན་ཞིག་ཏུ་ཆགས་ཡོད”ཅེས་སྦྲང་ནོར་བུ་གསོ་བའི་ལག་རྩལ་ཁོང་དུ་ཆུད་མཁན་གྱི་ཡུལ་མི་བཀྲ་ཤིས་ཀྱིས་སྤོབས་པ་ཆེན་པོས་བཤད།
ཡོང་འབབ་སྒོར་ཁྲི་50བྱུང་ནས།
སྦྲང་ནོར་བུ་གསོ་བའི་ལག་རྩལ་དེ་ཕྱུག་འགྱུར་ཡོང་བའི་སྒུལ་ཤུགས་སུ་གྱུར་པ།
དུས་ཐུང་ལོ་གསུམ་ལྷག་ཙམ་རིང་། ཁ་རག་ཤང་ལ་སྦྲང་ནོར་བུ་གསོ་བའི་ཐོན་ལས་མེད་པ་ནས་ཡོད་པ་དང་། ཉམས་ཞན་ནས་སྟོབས་ཆེར་འགྱུར་བའི་མཆོང་སྐྱོད་ལྟ་བུའི་ཚད་བརྒལ་བྱུང་ཞིང་། ཤང་དུ་ཐོག་མར་སྦྲང་ནོར་བུ་གསོ་མཁན་གྲོང་ཚོ་3ལས་མེད་པ་ནས་གྲོང་ཚོ་6བར་མང་དུ་ཕྱིན་པ་དང་། སྦྲང་ནོར་བུའི་གཞི་ཁྱོན་ཡང་སྒམ་80ནས་སྒམ་550བར་མང་དུ་ཕྱིན་པ། ལོར་སྦྲང་རྩི་ཐོན་ཚད་སྤྱི་རྒྱ་7500ཡན་ཟིན་ནས་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་50ལས་བརྒལ་ཡོད། ད་ཆ་སྦྲང་ནོར་བུ་གསོ་བའི་ཐོན་ལས་དེ་ཁ་རག་ཤང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ནས་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།
ད་ཆ་ཁ་རག་ཤང་གིས་ཡར་འབྲོག་ས་གཞི་ཆེན་པོར“སྦྲང་རྩིའི་དཔལ་འབྱོར”གཉེར་བ་མ་ཟད། ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཉིས་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་ལ་ཕན་པ་ཡོད་པའི་དམངས་ཕྱུག་གི་ལམ་བུ་དེ་བས་འཚོལ་ཞིབ་བྱས་ཏེ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་མང་པོ་ཞིག་ལ་ཐོན་ལས་དར་རྒྱས་ཡོང་བར་དཔེ་ལྟ་ས་དང་ཁྱབ་གདལ་གཏོང་བའི་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བཏོད་ཡོད།
ཀརྨ་སྒྲོལ་མས། འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཁ་རག་ཤང་གིས་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མུ་མཐུད་མཐའ་འཁྱོངས་ཀྱིས་སྟོབས་ཤུགས་སྔར་བས་ཆེ་བ་དང་བྱེད་ཐབས་སྔར་བས་ཏན་ཏིག་གི་ཐོག་ནས་སྦྲང་ནོར་བུ་གསོ་བའི་ཐོན་ལས་འཕེལ་རྒྱས་གཏིང་ཟབ་བཏང་སྟེ། ཞིང་པའི་གསོ་ཚགས་ལག་རྩལ་གྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་སྦྲགས་དྲ་ཐོག་དང་དྲ་ཕྱིའི་ཁྲོམ་རའི་ཐབས་ལམ་རྒྱ་བསྐྱེད་དེ། “སྦྲང་རྩིའི་དཔལ་འབྱོར”གཞི་ཁྱོན་ཅན་དང་། ཚད་གཞི་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་སྦྲང་རྩི་ལས་མངར་བ་ཡོང་བར་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།