ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་ནས། ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་ཁོང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་དོན། ཁྲའོ་ཞན་ཏང་གི་ཚོགས་ཆེན་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་གཙོ་བོ་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གིས་ཁྲའོ་ཞན་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ཧུར་ཐག་གནང་བར་བརྟེན། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། བློ་མཐུན་ཅིན་ཀྲེང་ཨེན་སླར་ཡང་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ་དེ་ཐོག་ནས་ཁྲའོ་ཞན་གྱི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིར་ཚད་མཐོའི་ཡིད་ཆེས་དང་སྙིང་དབུས་ནས་བརྩི་བཀུར་ཞུ་བ་མཚོན་གྱི་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་མཚམས་སུ་ཁྲའོ་ཞན་ཏང་གི་ཚོགས་ཆེན་དགུ་པ་རྒྱལ་ཁའི་ངང་འཚོགས་པར་དོན་སྙིང་གལ་ཆེན་ལྡན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་བོ་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱིས་ད་ཐེངས་ཀྱི་ཚོགས་ཆེན་གོ་སྐབས་སུ་བྱས་ཏེ། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་སྐུལ་འདེད་གཏོང་ཐུབ་པའི་སྨོན་འདུན་ཞུ་གི་ཡིན།
ཀྲུང་གོ་དང་ཁྲའོ་ཞན་ནི་ཕན་ཚུན་ལྟ་སྐྱོང་བྱེད་མཁན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཞལ་འཛོམས་ཐེངས་མང་བྱས་ནས་ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བར་སྣེ་ཁྲིད་གང་ལེགས་བྱས་ཡོད། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་ང་ཚོས་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་ཐུབ་པར་མཛུབ་ཁྲིད་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་དབར་གྱི་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་པ་དང་། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།