དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བགྲང་བྱ་བཞི་བཅུའི་ལོ་རྒྱུས་ཆུ་རྒྱུན་ཁྲོད། ཤེས་ལྡན་མི་སྣ་གསོ་སྐྱོང་ལས་ལ་འབད།

    —— “བོད་ལྗོངས་འཛིན་གྲྭས”རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགག་རྩའི་ཤེས་ལྡན་པ་གསོ་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-26

    ལོ་ངོ་40ཡི་རིང་། བོད་ལྗོངས་འཛིན་གྲྭར་དམའ་འབྲིང་དང་། མཐོ་འབྲིང་། འབྲིང་རིམ་ལས་རིགས་བཅས“ཕྱོགས་གསུམ་གཞི་གཅིག”གི་སློབ་གཉེར་རྣམ་པ་ཆགས་པ་དང་། རིམ་རྩིས་བརྒྱབ་ན། འབྲིང་རིམ་ཆེད་ལས་ཡན་གྱི་ཤེས་ལྡན་པ་ཁྲི་8ལྷག་ཙམ་བསྐྱངས་ནས། བོད་ལ་ཕུལ་བྱུང་ཤེས་ལྡན་པ་དང་གཞི་རིམ་གྱི་རྐང་འཛིན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དག་བོད་ཀྱི་ལས་རིགས་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགག་རྩའི་ཤེས་ལྡན་པའི་འདེགས་སྐྱོར་བྱས་པ་རེད།

    ལས་གནས་བརྟན་པོར་བསྲུངས། རེ་བའི་སྒྲོན་མེ་སྤར།

    སྐལ་བཟང་བདེ་སྐྱིད་ནི་ཉིང་ཁྲི་མེ་ཏོག་རྫོང་ནས་ཡོང་བའི་མོན་པ་རིགས་ཀྱི་བུ་མོ་ཞིག་ཡིན་ཞིང་། 1998ལོ་ནི་ཁོང་གི་ངོས་ནས་བརྗོད་ན་ལས་དབང་ལ་འགྱུར་ལྡོག་བྱུང་བའི་འགག་རྩའི་ལོ་ཞིག་རེད། ལོ་དེར་ཁོང་མེ་ཏོག་རྫོང་ནས་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་སློབ་འབྲིང་དང་པོར་རྒྱུགས་འཕྲོད་པ་དང་དེ་རྗེས་ཧོ་པེ་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་མི་རིགས་སློབ་གླིང་དུ་ཡིག་རྒྱུགས་བདེ་བླག་འཕྲོད་པ་རེད།

    2001ལོར་སྐལ་བཟང་བདེ་སྐྱིད་སློབ་གྲྭ་ནས་ཐོན་ཞིང་། མ་གཞི་ལྷ་སར་ལས་ཀ་གཏན་འཇགས་ཤིག་འཚོལ་ཆོག་ཀྱང་། ཕ་ཡུལ་མེ་ཏོག་རྫོང་གི་ཀྱག་ཀྱོག་གི་རི་ལམ་དང་རིག་གནས་ཤེས་བྱར་སྐོམ་པ་ཆུ་འདོད་ལྟར་བྱེད་པའི་ཕྲུ་གུ་ཚོའི་རེ་བའི་མིག་ཟུང་དག་སྐལ་བཟང་བདེ་སྐྱིད་ཀྱི་བློ་ངོར་ཡང་ཡང་འཆར་ནས་བརྗེད་ཐབས་བྲལ་སྟབས། ཁོང་གིས་དེ་འཕྲལ་ལྷ་སར་ལས་ཀ་བྱེད་པའི་གོ་སྐབས་སེམས་ཐག་ཆོད་པོས་བློས་བཏང་ནས་ཐག་རིང་ལུང་ཁུག་གི་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་དུ་ལོག་ནས་དགེ་རྒན་གྱི་ལས་ལ་གཞོལ་བ་རེད།

    སྤང་ཞིང་ཤང་ནི་མེ་ཏོག་རྫོང་གི་གཞུང་ལམ་ཤར་གཏོང་ཐུབ་པའི་ཤང་མཇུག་ཤོས་དེ་ཡིན་ཞིང་། ལོ་ལྟར་འདམ་རྡོའི་ཆུ་རུད་དང་རི་ཉིལ་བའི་གནས་ཚུལ་ཡང་སེ་ཐོན་ཡང་གཞུང་ལམ་ཡག་པོ་ཞིག་གཏན་ནས་བཟོ་ཐུབ་མེད། ལོ་མང་རིང་སྐལ་བཟང་བདེ་སྐྱིད་ཀྱིས་རི་ལམ་ཀྱག་ཀྱོག་དེ་བརྒྱུད་ནས་ཁྱིམ་བདག་ཚོར་ཕྲུ་གུ་སློབ་གྲྭར་གཏོང་དགོས་པའི་ཁ་ཏ་དང་སློབ་གསོ་རྒྱག་པར་འགྲོ་གི་ཡོད་ལ། དགེ་རྒན་ཁ་ཐང་བའི་དབང་གིས་གྲོང་ཚོ་གཞན་པའི་ཕྲུ་གུ་ཚོའི་སློབ་སྦྱོང་ལ་འཐུས་ཤོར་མི་ཡོང་ཆེད། མངལ་འཁོར་ནས་ཟླ་བ་དྲུག་ཟིན་ཡང་། ཁོང་གིས་རྩམ་པ་རྒྱབ་ཏུ་ཁུར་ཏེ་སློབ་མ་ཚོར་སློབ་ཁྲིད་བྱེད་པར་སྐྱོད་མྱོང་བ་དང་། ལོ་ལྟར་གངས་ཆེན་པོ་བབས་ནས་རི་སྡོམ་སྐབས་སློབ་སྤྱི་ཡིན་པའི་ཁོང་གིས་དགེ་རྒན་སྐྱེས་པ་ཚོ་དང་མཉམ་དུ་འཁྱགས་ཆུ་དང་། འབྲེང་ཟམ། གཡང་གཟར་བཅས་བརྒལ་ཏེ། ཟླ་བ་བཞིའི་ནང་ཁྱིམ་དུ་ཐེངས་གཅིག་མ་གཏོགས་ལོག་ཐབས་བྲལ་བའི་སློབ་མ་རྣམས་བདེ་འཇགས་ངང་ཕ་མའི་འགྲམ་དུ་སྐྱེལ་གྱི་ཡོད། ཁོང་གིས་དེ་ལྟར་ལོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་ལྟར་བྱས་ནས། གྲོང་གསེབ་ཀྱི་སློབ་གསོའི་ལས་གནས་བརྟན་པོར་སྲུང་བཞིན་ཡོད་པས། སྐལ་བཟང་བདེ་སྐྱིད་ནི་གངས་ལྗོངས་ས་མཐོའི་སློབ་གསོའི་ལམ་སྟོན་སྒྲོན་མེ་ལྟ་བུར་གྱུར་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཡིན་པའི་ཁོང་ལ་རྒྱལ་ཡོངས་ཀྱི“གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས”དང་། “ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་བཅུ” “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”སོཌ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་།

    ས་མཐོའི་སྨན་དོན་པས། ངོ་མཚར་གཏམ་རྒྱུད་བརྩམས།

    1973ལོར། སྐལ་བཟང་དོན་གྲུབ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཇོ་མོ་གླང་མའི་འདབས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་སྐྱེས། 1986ལོར་ཁོང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཨང་དང་པོའི་གཡུར་ཟའི་སྦྱངས་འབྲས་ཐོག་ནས་ནན་ཁྲང་གྲོང་ཁྱེར་སློབ་འབྲིང་བཅུ་བདུན་པར(ད་ལྟའི་ནན་ཁྲང་གྲོང་ཁྱེར་སློབ་འབྲིང་བཅུ་པ)ཡིག་རྒྱུགས་འཕྲོད་པ་དང་། 1990ལོར་པེ་ཅིང་བོད་ལྗོངས་སློབ་འབྲིང་མཐོ་འབྲིང་པུའུ་རུ་འོས་མངག་བྱས། 1993ལོར་ཧྲང་ཧའེ་གསོ་རིག་སློབ་ཆེན(ད་ལྟའི་ཧྥུའུ་ཏན་སློབ་ཆེན་ཧྲང་ཧའེ་གསོ་རིག་སློབ་གླིང)གྱི་ནད་ཐོག་གསོ་རིག་ཚན་ཁག་ཏུ་ཡིག་རྒྱུགས་འཕྲོད། 1998ལོར་སློབ་ཆེན་ཐོན་རྗེས་ཁོང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ལས་བགོས་བརྒྱབ་ནས་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཏུ་གྱུར།

    སྐལ་བཟང་དོན་གྲུབ་བོད་དུ་ལོག་སྐབས་ལྗོངས་ཡོངས་སུ་ཆེད་ལས་ཀྱི་གསོ་སྦྱོང་བྱེད་མྱོང་བ་དང་ཆེད་མངགས་དབང་རྩའི་ཁོག་ནད་དང་ཕྱི་ནད་ཚན་ཁག་གི་ལས་ཀ་བྱེད་མཁན་སྨན་པ་10ཡང་ཟིན་གྱི་མེད་ལ། ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པ་དེ་བས་ཀྱང་ཉུང་ཉུང་རེད། ནད་ཐོག་སྨན་བཅོས་ཐད་དཀའ་ངལ་མང་པོ་འཕྲད་རིམ་བཞིན་སྐལ་བཟང་དོན་གྲུབ་སྐབས་འགར་ཅི་བྱ་གཏོལ་མེད་དུ་གྱུར་སྟབས། ཕྱིར་ཟབ་སྦྱོང་དུ་འགྲོ་རྒྱུའི་སེམས་ཐག་བཅད།

    2002ལོར་ལས་ཁུངས་ནས་སྐལ་བཟང་དོན་གྲུབ་རྒྱལ་སའི་གསོ་རིག་སློབ་ཆེན་དུ་རབ་འབྱམས་པའི་སློབ་སྦྱོང་བྱེད་པར་མངགས་པ་དང་། ཁོང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་རྒྱལ་ཁབ་དབང་རྩའི་མ་ལག་ནད་རིགས་ཀྱི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཅི་ཙུང་དགེ་རྒན་དུ་བསྟེན་ནས། དབང་རྩའི་ཕྱི་ནད་ཚན་ཁག་གི་ཆེད་ལས་སྦྱངས། 2007ལོར་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཁོང་དགེ་རྒན་ཆེ་མོ་བ་ཀྲའོ་ཅི་ཙུང་གི་འབུམ་རམས་པའི་སློབ་མར་རྒྱུགས་འཕྲོད་དེ་བོད་ཀྱི་ཕྱི་ནད་ཚན་རིག་གི་འབུམ་རམས་པ་དང་པོར་གྱུར། 2010ལོར་འབུམ་རམས་པ་མཐར་ཕྱིན་རྗེས། ཁོང་གི་ཤེས་ཡོན་དང་འཇོན་ཐང་ལ་སློབ་དཔོན་ཀྲའོ་ཅི་ཙུང་ཐུགས་མགུ་པོ་བྱུང་ནས་ཁོང་ལ། གལ་ཏེ་པེ་ཅིང་དུ་ལས་ཀ་བྱེད་འདོད་ཡོད་ཚེ་རོགས་རམ་བྱས་ཆོག་ཅེས་གསུངས། ཡིན་ནའང་། སྐལ་བཟང་དོན་གྲུབ་ཀྱི་སེམས་ལ་རྒྱུན་དུ་འཆང་བ་ནི་རང་ཉིད་གསོ་སྐྱོང་བྱེད་མཁན་ཕ་ཡུལ་ཁོ་ན་ལས་མེད་སྟབས། ཁོང་གིས་པེ་ཅིང་དུ་ལས་ཀ་བྱེད་པའི་གོ་སྐབས་དོར་ནས་སེམས་ཐག་ཆོད་པོས་སླར་ཡང་བོད་དུ་ལོག་པ་རེད།

    2014ལོའི་ཟླ་9པར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་དབང་རྩའི་ཕྱི་ནད་ཚན་ཁག་དངོས་སུ་བཙུགས་ཤིང་། སྐལ་བཟང་དོན་གྲུབ་ཀྱིས་ཡོན་ཧྲི་ཀྲའོ་ཅི་ཙུང་གི་མཛུབ་སྟོན་འོག བོད་ཀྱི་ཀླད་སྐྱི་སྐྲན་ནད་གཤགས་བཅོས་ཐོག་མ་དེ་ལེགས་སྒྲུབ་བྱས་པ་དང་། ཁོང་གིས་གཤགས་བཅོས་བྱས་པའི་ནད་པ་དེ་ནི་ཏག་ཏག་ཁོང་གི་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་ནས་ཡིན་པ་དང་གཤགས་བཅོས་ལམ་ལྷོངས་བྱུང་བ་རེད།

    ད་ཆ་སྐལ་བཟང་དོན་གྲུབ་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་ཚན་སྣེ་ཁྲིད་པ་ཞིག་ཡིན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཡོན་ཀྲང་། སྨན་པ་དཀའ་བཅུ་པ་བཅས་ཀྱི་འགན་འཁུར་བཞིན་ཡོད་པ་མ་ཟད། ད་དུང་2023ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་ཐུབ་ཡོད།

    2025ལོའི་ཟླ་5པར། སྐལ་བཟང་དོན་གྲུབ་ལ“པའེ་ཆིའུ་ཨེན་གཟེངས་རྟགས”ཐོབ་པ་དེའང་ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་གཟི་བརྗིད་མཐོ་ཤོས་ཀྱི་གྲས་ཤིག་རེད།

    མི་རིགས་མཐུན་སྒྲིལ་ཟབ། མཛད་རྗེས་རྡོ་རིང་བཞེངས།

    ལོ་40ཡི་རིང་། བོད་ལྗོངས་འཛིན་གྲྭར་བསྡོམས་སློབ་མ་ཁྲི་18ལྷག་ཙམ་བསྡུས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བཏང་ཡོད། འཛིན་གྲྭ་གཉེར་མཁན་ཞིང་ཆེན་དང་། གྲོང་ཁྱེར། སློབ་གྲྭ་བཅས་ཀྱིས་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་དང་ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་སྟེ། བོད་ལ་བྱང་ཚད་མཐོ་བའི་དོ་དམ་ཤེས་ལྡན་པ་དང་རྩལ་ནུས་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ནས། མི་མང་པོ་ཞིག་རང་གནས་སའི་ཁྱབ་ཁོངས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

    ལོ་ངོ་40ཡི་རིང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བུ་ཕྲུག་ལ་སློབ་གསོའི་ཐོན་ཁུངས་རྩེ་གྲས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། དེ་གར་བསྡུས་པའི་སློབ་མ་70%ཞིང་འབྲོག་པའི་བུ་ཕྲུག་ཡིན་ཞིང་། ཁོང་ཚོ་རི་གྲོང་ནས་ཐོན་ཏེ་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། མི་རབས་ནས་མི་རབས་དབུལ་ཕོངས་ཡིན་པའི་རྩ་བ་དྲུངས་ནས་ཕྱུང་བ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་སྟེར་བཞིན་ཡོད།

    མིག་སྔར། བོད་ལྗོངས་འཛིན་གྲྭ་དེ་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་དང་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།