རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་དམ་འཛིན་བྱ་གཞིར་བྱས་ཏེ།
ཁྲིམས་འཛིན་གྱི་དྲོ་སྐྱིད་ཆེ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་བ།

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་འཛིན་ཅུས་དོག་སྡེ་ཁྲིམས་འཛིན་ཁང“སྒྲོལ་མ་འདུམ་འགྲིག་ཁང”གི་ལས་དོན་པས་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་རྒུ་རུམ་གྲོང་རྡལ་ཁྲིམས་འཛིན་ཁང་གི་ལས་དོན་པས་མང་ཚོགས་ཀྱི་རེ་ཞུ་ཤེས་རྟོགས་བྱེད་བཞིན་པ།
2023ལོ་ཚུན་དུ། ལྗོངས་ཡོངས་སུ་་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”32འཛུགས་གཏོད་བྱས་ཡོད། ཉིན་ཤས་གོང་། གསར་འགོད་པས་ས་ཡུལ་དངོས་སུ་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”ལ་བདམས་པའི་གཞི་རིམ་ཁྲིམས་འཛིན་ཁང་གཉིས་ལ་བཅར་འདྲི་བྱས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དེ་ཁྲིམས་འཛིན་སྲིད་འཛིན་གྱི་གཞི་རིམ་ལག་ལེན་ཁྲོད་དུ་གསོན་ཉམས་དོད་པོས་དོན་འཁྱོལ་ཐུབ་པར་མྱོང་ཚོར་ཟབ་མོ་བྱས།
འགལ་བ་དང་རྩོད་གཞི་འདུམ་འགྲིག་ཡག་པོ་བྱས་པ།
ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་འཛིན་ཅུས་དོག་སྡེ་ཁྲིམས་འཛིན་ཁང“སྒྲོལ་མ་འདུམ་འགྲིག་ཁང”དུ་བསྐྱོད་དུས། དེ་གའི་སྒོ་བྱང་མངོན་གསལ་དོད་པ་དང་། ཁང་པའི་ནང་གི་སྒྲིག་ཆས་སྟབས་བདེ་ཡང་སྐྱིད་སྣང་ལྡན་པ། གྱང་ངོས་སུ“འདྲ་མཉམ་དྲང་བདེན་དང་ཁྲིམས་ལྟར་འདུམ་འགྲིག”ཅེས་པའི་སྦྱར་ཡིག་བཀལ་ཡོད་པ་དང་འདུམ་འགྲིག་ཡིག་ཚགས་མང་པོ་ཞིག་གྲལ་འགྲིག་པོར་བཞག་པ་མཐོང་། དོག་སྡེ་ཁྲིམས་འཛིན་ཁང་གི་སུའོ་ཀྲང་པ་སངས་སྒྲོལ་མས“དེ་སྔ་མང་ཚོགས་དབར་འགལ་བ་ཐོན་ཚེ། སུ་ཞིག་བཙལ་ནས་བར་འདུམ་བྱེད་དགོས་མིན་ཤེས་ཀྱི་མེད། ད་ཆ‘སྒྲོལ་མ་འདུམ་འགྲིག་ཁང’ཡོད་པས་ཚང་མས་རང་འགུལ་ངང་ང་ཚོ་བཙལ་ནས་རོགས་རམ་བྱ་རྒྱུའི་རེ་བ་འདོན་གྱི་ཡོད་ལ། ང་ཚོས་ཀྱང་ཁོང་ཚོའི་དཀའ་གནད་ཐག་གཅོད་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།
གསར་འགོད་པས་ཤེས་རྟོགས་བྱས་པར། དོག་སྡེ་ཁྲིམས་འཛིན་ཁང་2023ལོའི་ཟླ་11པར་དངོས་སུ་ལས་་འགོ་ཚུགས་ཤིང་། དེར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ས་ཚིགས་དང་། གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་ལས་དོན་ས་ཚིགས། དམངས་དོན་རྒྱབ་སྐྱོར་གྱི་ཞུ་གཏུག་ལས་གནས། སྒྲོལ་མ་འདུམ་འགྲིག་ཁང་། སྒྲོལ་མ་ཁྲིམས་ལུགས་ཁྱབ་གདལ་ས་ཚིགས་བཅས་བཙུགས་ནས་བཅའ་ཁྲིམས་བློ་འདྲི་དང་། མི་དམངས་འདུམ་འགྲིག ཁྲིམས་སྐྱོང་དྲིལ་བསྒྲགས་བཅས་གཞི་གཅིག་ཏུ་འདུས་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་ལས་སྟེགས་བཙུགས་ཏེ། མང་ཚོགས་ལ་ཐད་ཀར་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་འདེགས་ཞུ་གི་ཡོད།
2025ལོ་ཚུན་དུ་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་ཚད་99%ཟིན་ཞིང་། དེའི་ནང་ཁྲོམ་གཞུང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དམངས་དོན་རྒྱབ་སྐྱོར་ཞུ་གཏུག་ལས་གནས་ལ་བརྟེན་ནས་ཞིང་པ་ལས་མི་50ལྷག་ཙམ་ལ་ཆེད་ལས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་བསྒྲུབས་པ་དང་། འདུམ་འགྲིག་གི་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་150ལྷག་ཙམ་ཟིན་ཏེ་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། “གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོར་ཉིན་ལྟར་འཕྲད་པ་ཚང་མ་ནི་མང་ཚོགས་ཀྱི་ཆེས་ཐད་ཀའི་རེ་ཞུ་ཡིན་པས‘སྒྲོལ་མ་འདུམ་འགྲིག་ཁང’གིས་བཅའ་ཁྲིམས་ནི་གྲང་ཤུར་ཤུར་གྱི་དོན་ཚན་ཞིག་མིན་པར་དེ་ནི་དྲོ་སྐྱིད་ལྡན་པའི་ཐག་གཅོད་བྱེད་སྟངས་ཀྱི་ཇུས་གཞི་ཞིག་ཡིན་པ་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་པ་སངས་སྒྲོལ་མས་བཤད།
དམངས་ཆེད་ཁྲིམས་འཛིན་གྱི“མཐའ་མའི་འགག་གནད”བཤངས་པ།
རྒྱལ་ལམ་109བརྒྱུད་ནས་ནུབ་ཏུ་བསྐྱོད་རྗེས་གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་རྒུ་རུམ་གྲོང་རྡལ་ཁྲིམས་འཛིན་ཁང་དུ་སླེབས་པ་དང་དེའི་ནང་ལས་བྲེལ་གྱིས་ཁེངས་ཤིང་། མང་ཚོགས་ཁག་བགོས་ཁྲིད་སྟོན་ལས་སྟེགས་དང་། འགལ་བ་དང་རྩོད་གཞི་འདུམ་འགྲིག་ཁང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ས་སོགས་ས་ཁོངས་དབྱེ་བ་གསལ་པོ་ཕྱེ་ཡོད་པ་དང་དེ་གར་ལས་དོན་པ་ཁག་གཅིག་གིས་འདུམ་འགྲིག་རྩིས་ཐོ་ལེགས་སྒྲིག་བྱེད་བཞིན་ཡོད། རྒུ་རུམ་གྲོང་རྡལ་ཁྲིམས་འཛིན་ཁང་གི་སུའོ་ཀྲང་བློ་བཟང་ཚེ་རིང་གིས་རྒུ་རུམ་གྲོང་རྡལ་གྱི་ཁོངས་སུ་སྲིད་འཛིན་གྲོང་ཚོ་6དང་དགོན་སྡེ་དོ་དམ་ཨུ་ལྷན་1ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 2025ལོར་རྒུ་རུམ་གྲོང་རྡལ་ཁྲིམས་འཛིན་ཁང་གིས་ཁོངས་གཏོགས་ཁུལ་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་མང་ཚོགས་སྡོད་གནས་ཁ་ཐོར་ཡིན་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྕགས་རུ་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སོགས་ས་ཆ་3ལ“སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས”བཙུགས་ནས་བཅའ་ཁྲིམས་ཀྱི་ཞབས་ཞུ་དེ་གཞི་རིམ་བར་སྣུར་སྲིང་བྱས་ཏེ། བཅའ་ཁྲིམས་ཀྱི་ཞབས་ཞུའི“མཐའ་མའི་འགག་གནད”ཏན་ཏིག་བཤངས་ཡོད། བློ་བཟང་ཚེ་རིང་གིས“དེ་སྔོན་ཡུལ་མིར་འགལ་བ་དང་རྩོད་གཞི་འཕྲད་པའམ་ཡང་ན་བཅའ་ཁྲིམས་བློ་འདྲི་བྱེད་དགོས་ཚེ། ངེས་པར་དུ་གྲོང་རྡལ་གྱི་ཁྲིམས་འཛིན་ཁང་དུ་ཡོང་ན་གཞི་ནས་རོགས་རམ་ཐོབ་ཀྱི་ཡོད། དེ་འདྲ་ཕར་འགྲོ་ཚུར་འོང་བྱེད་པར་དུས་ཚོད་མི་ཉུང་བ་ཞིག་འགོར་གྱི་ཡོད། ད་ཆ་ང་ཚོས་ཡུལ་མིའི་སྒོ་རྩར་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད། ད་དུང་ཁྲིམས་རྩོད་པ་སོགས་བཅའ་ཁྲིམས་གསལ་པོ་ཤེས་མཁན་དུས་བཀག་ནང་སྡོད་བྱ་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱས་ནས་ཚང་མར་སྟབས་བདེའི་ཆེད་ལས་ཀྱི་བཅའ་ཁྲིམས་ཞབས་ཞུ་སྒྲུབ་ཀྱི་ཡོད”ཅེས་བཤད།
བློ་བཟང་ཚེ་རིང་གིས་གསར་འགོད་པར“ང་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་འདུམ་འགྲིག་པ་སྐུལ་སློང་བྱས་ནས་སྣེ་ཁྲིད་དེ་འདུམ་འགྲིག་ནང་ཞུགས་སུ་བཅུག་པ་དང་། ཟླ་རེ་བཞིན་རྩོད་གཞི་ཞིབ་འཇུག་བརྡར་གཅོད་ཀྱི་ཚོགས་འདུ་འཚོགས་ནས་མང་ཚོགས་ཀྱི་རེ་འབོད་འཕྲལ་དུ་ཁོང་དུ་ཆུད་པར་བྱས་ཏེ་འགལ་བ་ཐོན་བཟོ་ཡོད་དུས་ནས་སེལ་གྱི་ཡོད”ཅེས་བཤད།
འཛུགས་གཏོད་ལས་དོན་ས་ཁོངས་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་བ།
དོག་སྡེ་ཁྲིམས་འཛིན་ཁང་དང་རྒུ་རུམ་གྲོང་རྡལ་ཁྲིམས་འཛིན་ཁང་གི་ལག་ལེན་ནི་རང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་དམ་འཛིན་བྱ་གཞིར་བྱེད་པ་དང་། “འགལ་བ་གོང་ཞུ་བྱེད་མི་དགོས་པ་དང་། དུས་བདེ་བྱུང་ནས་གནས་ཚུལ་མི་ཐོན་པ། ཞབས་ཞུ་སྟོང་པར་མི་ལུས་པ”བཅས་དམིགས་ཚད་དུ་བཟུང་ནས་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་ས་ཁོངས་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་ཡོད།
གསར་འགོད་པས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱས་པར། 2020ལོ་ནས་བཟུང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རང་ལྗོངས་ཀྱི་ཁྲིམས་འཛིན་ཁང་གི་རྨང་གཞིའི་འཛུགས་སྐྲུན་ཉམས་ཞན་ཡིན་པ་དང་། མི་སྣའི་སྟོབས་ཤུགས་མི་འདང་བ། ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་ཚུགས་ཏེ་ལྗོངས་ཡོངས་སུ་ཁྲིམས་འཛིན་ཁང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་ཀྱི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ནས་ཁྲིམས་འཛིན་ཁང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
མིག་སྔའི་བར་ལྗོངས་ཡོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”32འཛུགས་གཏོད་བྱས་པ་དང་། ཁྲིམས་འཛིན་ཁང་གིས་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཁྱོན་ཡོངས་ལ་ཁྱབ་སྟེ་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་དང་། ཁྱིམ་མཚེས་དབར་གྱི་རྩོད་གཞི། ངལ་ནུས་རྩོད་གཞི་སོགས་འགལ་བ་དང་རྩོད་གཞི་སྣ་ཚོགས་ཐག་གཅོད་བྱེད་ཚད་96%ཟིན་ཏེ་སྤྱི་ཚོགས་ཀྱི་འགལ་བ་ནུས་ལྡན་ངང་ཐག་གཅོད་བྱས་ནས་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་། རང་སར་ཐག་གཅོད་ཐུབ་པར་ཤུགས་སྣོན་བརྒྱབ་པས། “དོན་དག་ཆུང་གྲས་གྲོང་ཚོ་ནས་ཐག་གཅོད་ཐུབ་པ་དང་། དོན་དག་ཆེན་པོ་གྲོང་རྡལ་ནས་ཐག་གཅོད་ཐུབ་པ། འགལ་བ་གོང་རིམ་ལ་སྙན་སེང་ཞུ་མི་དགོས་པ་བཅས”ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་མི་དམངས་ཐེ་ཞུགས་དང་ཁྲིམས་སྐྱོང་སྐུལ་འདེད་ཁྲུའི་ཁྲུའུ་ཀྲང་གཞོན་པ་པ་སངས་རྡོ་རྗེས། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་དཔེ་སྟོན་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་དང་རྫོང(ཆུས་དང་གྲོང་ཁྱེར)གིས་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་ཁང”འཛུགས་གཏོད་བྱེད་པར་སྐུལ་འདེད་གཏོང་བའི་ལས་ཀའི་སྤྲོ་སེམས་འཕེལ་བར་བྱས་ཏེ། གནད་གཅིག་གིས་ཁྱོན་ཡོངས་འཁྲིད་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ནས་གཞི་རིམ་གྱི་དུས་བདེ་འཛུགས་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ་དང་། གཞི་རིམ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་པའི་ཁྲིམས་འཛིན་ཁང་གི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་མེ་ཏོག་བཞད་དེ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན་ཞེས་བཤད།
(པར་རིས་ཚང་མ་བཅར་འདྲི་དང་ལེན་བྱེད་མཁན་ཚན་པས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།