ཉིང་ཁྲིའི་བུ་མོ་ཚེ་རིང་སྐྱིད་ཀྱིས།
ཞིང་ནང་གི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཏུ་བཙོངས་པ།
“ང་ཚོའི་ཀུ་ཤུ་རྡོག་ཆེ་ལ་བྲོ་བ་ཧ་ཅང་ཞིམ་པོ་ཡོད། དེ་རིང་ཉོས་ན་གོང་ཚད་ཁེ་པོ་ཡོད། ད་མང་པོ་ལྷག་མ་སོང”ཞེས་རང་སྐྱོང་ལྗོངས་ཀྱི་ཐད་གཏོང་དྲ་ཚོང་འགྲན་བསྡུར་སྐབས་གཉིས་པའི་ཐོག་ཚེ་རིང་སྐྱིད་ཀྱིས་སྤྲོ་སྣང་ཆེན་པོས་བརྗོད་པར་མི་མང་པོའི་ཡིད་དབང་བཀུག
ཚེ་རིང་སྐྱིད་ཀྱི་ཕ་ཡུལ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་སྐར་མ་གྲོང་ཚོ་ཡིན་པ་དང་། དེ་གར་ནི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡན་ལག་ཚོགས་རའི་གྲས་ཤིག་ཡིན། གཅིག་བྱས་ན་ས་ཆ་དེ་གའི་མཐུན་མིན་ཁྱད་ཆོས་དང་མཛེས་སྡུག་ལས་ཁོ་མོའི་སེམས་རྩ་འཁོལ་བ་དང་བག་ཡང་པའི་གཤིས་རྒྱུད་དེ་གྲུབ་པ་ཡིན་སྲིད། ཚེ་རིང་སྐྱིད་ཀྱིས་མི་མང་ཆེ་བའི་མི་ཚེའི་གདམ་ག་དང་མི་འདྲ་བའི་ལམ་བུར་ཞུགས།
སློབ་ཆེན་ཐོན་རྗེས། ལྷ་སར་ལས་ཀ་བྱེད་བཞིན་པའི་ཚེ་རིང་སྐྱིད་ཀྱིས་ཐོག་མཐའ་བར་གསུམ་དུ་ཕ་ཡུལ་གྱི་ས་ཞིང་དང་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་འཚོང་དཀའ་བའི་གནད་དོན་དག་སེམས་ནང་ངེས་ནས་ཕ་ཡུལ་དུ་ལོག་སྟེ་དྲ་ཚོང་གི་ལས་ལ་ཞུགས།
ལས་གཏོད་ཀྱི་ལམ་བུ་ནི་འགོ་འཛུགས་དུས་དཀའ་ཚེགས་ཤིན་ཏུ་ཆེ། 2021ལོར་ཚེ་རིང་སྐྱིད་དང་ཐོག་ཕ་ཡུལ་དུ་ལོག་སྐབས་ཁྱིམ་མིས་བསམ་ཤེས་ཐུབ་མེད། དེ་ནས་ལོ་གཅིག་སོང་རྗེས་གཞི་ནས་ཁྱིམ་མིའི་བསམ་ཤེས་ཐུབ་པ་དང་། 2022ལོར་ཚེ་རིང་སྐྱིད་གུང་གཞོན་སྡེ་ཚོགས་ཉིང་ཁྲི་གྲོང་ཨུད་ཀྱིས་སྒྲིག་འཛུགས་བྱས་པའི་གསོ་སྦྱོང་བརྒྱུད་བརྙན་ལམ་པར་མཐུད་བྱེད་ཤེས་པ་དང་། ཁོང་གི་དཀར་ཤའི་ཞིམ་ཟས་བཟོ་སྟངས་ཀྱི་བརྙན་ཐུང་དེ་བསམ་ཡུལ་ལས་འདས་པར་སྐད་གྲགས་ཆོད་པ་དང་བསྟུན་ནས་དགའ་པོ་བྱེད་མཁན་ཡང་མང་དུ་སོང་བས། མང་ཚོགས་ཀྱིས་ཁས་ལེན་དང་དགའ་པོ་དེ་འདྲ་བྱེད་པ་མཐོང་སྐབས་ཁྱིམ་མིས་གཞི་ནས་ཁོང་གི་བསམ་ཚུལ་ལ་བསམ་ཤེས་ཐུབ།
ཁྱིམ་མིའི་རྒྱབ་སྐྱོར་ལས་ཚེ་རིང་སྐྱིད་དྲ་ཚོང་གི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་གོམ་པ་བརྟན་དུ་སོང་ཡོད། ཉིང་ཁྲི་གྲོང་ཁྱེར་དུ་ཐོན་རྫས་འདེམས་སྐབས་ཚེ་རིང་སྐྱིད་ཀྱིས་སྣང་རྫོང་གི་བོད་ཁམ་དང་། སྟར་ཀ ཀུ་ཤུ་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ཚད་ཁྱད་དུ་འཕགས་པ་ཡོད་པ་ཤེས་རྟོགས་བྱུང་བས་ན་དུས་དེ་ནས་སྣང་རྫོང་གི“རྒྱུན་ཕེབས་མགྲོན་པོར”གྱུར། ཁོང་གིས་ཁྱིམ་ཚང་རེ་རེ་བཞིན“ཐོན་རྫས་ཡག་པ་ཡོད་མེད”སྐད་ཆ་འདྲི་བ་ནས་རིམ་བཞིན་གྲོང་མི་དང་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་བཟང་པོར་གྱུར།ཐོན་རྫས་འདེམས་པའི་ཐབས་ལམ་ཉིན་རེ་བཞིན་བརྟན་དུ་དང་མཉམ་ལས་བྱེད་སྟངས་རྒྱུན་ཆད་མེད་པར་བྱང་ཆུབ་པར་ཕྱིན་པ་དང་བསྟུན་ནས། ཟོག་འགྲུལ་ལྷུ་ཚིགས་སྟབས་བདེ་རུ་ཕྱིན་པ་དེས་ཁོ་མོའི་སེམས་ཤུགས་ཆེ་རུ་ཕྱིན། ས་གནས་དེ་གའི་སྲིད་གཞུང་གིས་ཚེ་རིང་སྐྱིད་དང་འདྲ་བའི་ཞིང་རོགས་དྲ་ཐོག་ཐད་འཚོང་ལ་རྒྱབ་སྐྱོར་བྱེད་ཆེད། ཟོག་འགྲུལ་འགྲོ་གྲོན་གྱི་40%འགན་འཁུར་བ་དང་སྤྱི་རྒྱ་རེར་སྦྲག་གྲོན་སྒོར་10ཡིན་ཚེ་ཁོ་མོས་སྒོར་6ལས་སྤྲོད་དགོས་ཀྱི་མེད། རོགས་རམ་དེ་འདྲ་བྱས་པ་དེས་ཁོ་མོའི་གཉེར་སྐྱོང་གི་གནོན་ཤུགས་ཆུང་དུ་སོང་བ་མ་ཟད། ད་དུང་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཡོད།
ད་ཆ་ཚེ་རིང་སྐྱིད་ཀྱི་ཐད་གཏོང་བྱེད་ཐེངས་རེར་ཞོག་ཁོག་དམར་པོ་ཁོ་ན་མངགས་ཐོ་600ལྷག་ཙམ་འབྱོར་བར་ལོར་ཡོང་འབབ་ཉུང་མཐར་ཡང་སྒོར་ཁྲི་100ཟིན་གྱི་ཡོད། འོན་ཀྱང་ཚེ་རིང་སྐྱིད་ཀྱི་ངོས་ནས་བརྗོད་ན། བྱ་གཞག་དེ་ལས་དངོས་པོའི་ཕན་འབྲས་ཐོན་པ་ཙམ་མ་ཡིན་པར། 2023ལོའི་ཟླ་6པའི་ཟླ་མཇུག་ཏུ། ཁོ་མོས་སྣང་རྫོང་དུ་ཐོན་རྫས་འདེམས་སྐབས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པའི་རྒན་མོ་ཞིག་གིས་བོད་ཁམ་པང་དུ་བསྒྲིལ་ནས་ཁོ་མོའི་རོགས་རམ་ཐོབ་རེ་བྱས། སྤུས་ཀ་དག་པའི་ཁམ་བུ་མཐོང་འཕྲལ་ཚེ་རིང་སྐྱིད་ཀྱིས་རིན་མེད་ངང་ཕྱིར་འཚོང་བྱེད་རྒྱུའི་ཐག་བཅད། མཐར་རྒྱ་མ་200ལྷག་ཙམ་བཙོངས་ཐུབ་པ་རེད། རང་ལ་ཕན་པ་ཁོ་ན་ཐོབ་རེ་མི་བྱེད་པའི་བྱ་སྤྱོད་དེ་ནི་ཁོ་མོའི“ཞིང་རོགས”འདུ་ཤེས་ཀྱི་བབ་ཆགས་པའི་མཚོན་ཚུལ་ཞིག་རེད།
“ཐོན་རྫས་རྒྱུན་མཐུད་ཕྱིར་གཏོང”བྱེད་པའི་བསམ་པ་དེ་སྔ་ས་ནས་ཕ་ཡུལ་གྱི་རིན་ཐང་ཕྱོགས་གང་ས་ཅི་ཐད་ནས་སྔོག་འདོན་བྱེད་པའི་བར་སྣུར་སྲིང་བྱས་ཡོད། ཚེ་རིང་སྐྱིད་ཀྱིས་པར་ཆས་ལ་བརྟེན་ནས་མོན་པའི་སྦ་ཞྭ་བཟོ་མཁན་གྱི་སོར་རྩེ་ལས་ཐོན་པའི་ཐོན་རྫས་དང་ཉིང་ཁྲིའི་བི་ཤུ་འགྲན་བསྡུར་ཁྲོད་ཀྱི་དགའ་འབོད་རེ་རེ་བཞིན་བཀོད་ཡོད། དེ་དག་ཚང་མ་ནི་ཁོ་མོས་སྲོལ་རྒྱུན་ལག་རྩལ་དང་དམངས་སྲོལ་གོམས་འདྲིས་ཟིན་ཐོ་བཀོད་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།