ལྷོ་ཁ་གྲོང་ཁྱེར་གྱིས།
ཡར་ཀླུང་གཙང་པོའི་ལྷོ་ཁ་དུམ་བུའི་མ་ལག་རང་བཞིན་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།
ཉེ་ཆར་གསར་འགོད་པ་ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུར་སྐྱོད་སྐབས། དེ་སྔའི་བྱེ་ཐང་ད་ཆ་སྔོ་ལྗང་ཅན་གྱི་འདམ་རར་གྱུར་ལ་ཆུ་ལམ་གྱི་སྐྱེ་ཁམས་ལའང་ཉམས་གསོ་ཐུབ་ཡོད་པ་མཐོང་བྱུང་། དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ལོ་བཅུ་གྲངས་ཁ་ཤས་རིང་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྲུང་སྐྱོང་ཉམས་གསོ་བྱས་པ་ལས་བྱུང་བའི་ཕན་འབྲས་མངོན་གསལ་དོད་པོ་ཞིག་རེད། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུར་མ་ལག་རང་བཞིན་གྱི་སྐྱེ་ཁམས་བཅོས་སྐྱོང་བྱས་པ་བརྒྱུད་སྐྱེ་ཁམས་ཀྱི་ཕན་འབྲས་ཐོན་པ་དང་དམངས་འཚོ་ཡང་ལེགས་སུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཚལ་དང་། ཞིང་ཁ། མཚོ་མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ལྟེ་བར་བྱས་ཏེ། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་སྐྱེ་ཁམས་ཉམས་གསོ་བྱ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་བཏང་བར་རིམ་རྩིས་བརྒྱབ་ན་འདམ་ར་མུའུ་ཁྲི་8.77སྲུང་སྐྱོང་ཉམས་གསོ་དང་། ནགས་ཚལ་སྐྱེ་ཁམས་མུའུ་ཁྲི་19.73ཉམས་གསོ། རྩྭ་ཐང་སྐྱེ་ཁམས་མུའུ་ཁྲི་35.38ཉམས་གསོ་བཅས་ལེགས་གྲུབ་བྱུང་སྟེ་གཙང་པོའི་རྒྱུད་དུ་སྤྱི་ལེ་བརྒྱ་ལྷག་ཙམ་ཟིན་པའི“ལྗང་མདོག་གི་བར་ཁྱམས་རིང་མོ”ཞིག་ཆགས་ཏེ། བྱེ་ཐང་རྒྱ་ཁྱོན་80%ཉུང་དུ་ཕྱིན་ནས་ས་ཆུ་ཤོར་ཚད་ནུས་ལྡན་ངང་འགོག་ཐུབ་ཡོད།
སྐྱེ་ཁམས་ཉམས་གསོ་བྱེད་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་བདེ་མཐའ་འཁྱོངས་བྱས་ཡོད། རྣམ་གྲངས་དེ་ལག་ལེན་བསྟར་ཚུན། ཀྲུང་དབྱང་གི་བྱ་དགའི་ཁ་གསབ་དངུལ་དང་འབྲེལ་བའི་ཡན་ལག་རྣམ་གྲངས་31ཁོ་ནར་ཞིང་འབྲོག་པ་མི་ཐེངས་5500ལས་ཞུགས་ཐུབ་སྟེ། མང་ཚོགས་སྐྱེ་ཁམས་གཡོག་བྱེད་དང་སྔོ་ཁེབས་འདེབས་འཛུགས་སོགས་སུ་ཞུགས་པར་འབབ་འཕར་བྱུང་ནས“སྐྱེ་ཁམས་ཀྱི་ཡོང་འབབ”གསོག་ཐུབ་པ་མ་ཟད། ཆུ་ལམ་གཙང་སེལ་དང་སྐྱེ་ཁམས་ཆུ་ངོགས་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་བརྒྱུད་ཆུ་འགྲམ་དུ་ཞིང་ཆུ་གཏོང་བའི་མཐུན་རྐྱེན་ལེགས་སུ་ཕྱིན་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་10.64འཛུགས་སྐྲུན་ལ་ཆུ་བེད་ཀྱི་འགན་སྲུང་ཐུབ་སྟེ“སྐྱེ་ཁམས་སྲུང་སྐྱོང་དང་ཞིང་ལས་འཕེལ་རྒྱས་ཟུང་འབྲེལ”གྱི་རྒྱུན་འཁོར་བཟང་པོ་ཞིག་ཆགས་པར་སྐུལ་མའང་ཐེབས་ཡོད།
འབྲེལ་ཡོད་གསར་འགྱུར།