དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཙང་གསུམ་གཏམ་རྒྱུད་རྣ་བར་སྙན། འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ།

    —— ཆབ་མདོ་གྲོང་ཁྱེར་གྱི་2025ལོའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-26

    འདས་ཟིན་པའི་ལོ་གཅིག་རིང་། ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བའི་སློབ་སྦྱོང་བྱེད་སྒོ་ཐེངས་5300ལྷག་ཙམ་སྤེལ་བ་མ་ཟད། གཞི་རིམ་དུ་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་2.6ལྷག་ཙམ་སྤེལ་ནས་ཏང་གི་གསུང་སྒྲ་ཞིང་ནང་དང་མུ་ཁར་དྲིལ་བསྒྲགས་བྱས་ཡོད་ལ། ཤེས་དཔལ་སྐྱེད་སྲིང་གི་ལག་ལེན་བྱེད་སྒོ་ཐེངས་ཁྲི་5.68ལྷག་ཙམ་སྤེལ་བ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། ཀྲུང་དབྱང་སྨྱན་སྦྱོར་གྱི་རྩོམ་ཡིག་4100ལྷག་ཙམ་སྤེལ་བས་ཆབ་མདོའི་གཏམ་རྒྱུད་ཕྱོགས་བཞིར་ཁྱབ་པ། “གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”ཀྱི་འགྲན་བསྡུར་ཐེངས་ཁྲི་3.6སྤེལ་ནས་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བ་བཅས་གྲངས་གཞི་རེ་རེ་ལས་ཆབ་མདོས་དངོས་སྒྲུབ་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་ཡིན་ལ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པའང་མངོན་ཡོད།

    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་ཟུག་པ།

    “ཡུལ་མི་ཚོ། དེ་རིང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས་ནས་མི་སེར་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་སྲིད་ཇུས་གང་དག་ཡོད་མིན་བརྗོད་ཀྱི་ཡིན”

    ལྷོ་རོང་རྫོང་ཤོ་པ་མདོ་གྲོང་ཚོའི་སྒྲོག་འགྲེལ་པ་ཀརྨ་དགྲ་འདུལ་གྱིས་མང་ཚོགས་ཉེ་འགྲམ་གྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་གོ་བདེ་ཤེས་སླའི་སྒྲོག་འགྲེལ་བྱས་པར་མང་ཚོགས་ཚོས་གོ་དོན་གསལ་པོ་རྟོགས་ནས་མགོ་བོ་ལྕོག་ལྕོག་བྱེད།

    འདི་ནི་ཆབ་མདོ་གྲོང་ཁྱེར་གྱི“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་དུ་བསྐྱོད་པའི”སྒྲོག་འགྲེལ་བྱེད་སྒོའི་བསྡུས་རིས་ཤིག་རེད། 2025ལོར། གྲོང་ཁྱེར་ཡོངས་ཀྱིས་རིམ་ཁག་སྒྲོག་འགྲེལ་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ། སྒྲོག་འགྲེལ་ཐེངས་ཁྲི་2.6ལྷག་ཙམ་བྱས་པས་མང་ཚོགས་མི་ཐེངས་ཁྲི་255ལྷག་ཙམ་ལ་ཕན་པ་ཐོབ་ཡོད། འབྲི་ཆུའི་འགྲམ་ནས་རྒྱལ་མོ་རྔུལ་ཆུའི་གྲོག་རོང་བར་དང་རྫ་ཆུའི་འགྲམ་གྱི་གྲོང་ཚོ་ནས་དབྱར་རྩྭ་དགུན་འབུ་འཐུ་ཡུལ་གྱི་སྦྲ་གུར་བར་སྒྲོག་འགྲེལ་པ་ཚོས་གོ་བདེ་ཤེས་སླའི་བྱེད་ཐབས་སྤྱད་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མང་ཚོགས་ཚོའི་སེམས་ལ་ཟུག་པར་བྱས་ཡོད།

    “ཚོགས་འདུ་མ་འཚོག་གོང་རང་སྦྱོང་བྱེད་པ་དང་། ཚོགས་འདུའི་ཁྲོད་བསམ་བློ་ཟབ་མོ་གཏོང་བ། ཚོགས་འདུ་གྲོལ་རྗེས་བགྲོ་གླེང་བྱེད་པ”བཅས་ཀྱི་སློབ་སྦྱོང་ལམ་སྲོལ་བཙུགས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཁག་ཐེངས་5300ལྷག་ཙམ་བྱས་པས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་གྱི་རྣམ་པ་བཟང་པོ་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད།

    གསར་བརྗེའི་སྤུས་རྟགས་ཀྱིས་འབད་འབུངས་ཀྱི་སྤྲོ་སེམས་འཕེལ་བ།

    “གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”བྱེད་སྒོ་2025ལོར་ཆབ་མདོའི་ས་གཞི་ཆེན་པོར་སྤེལ་འགོ་ཚུགས།

    བྱེད་སྒོ་སྤེལ་ཚུན། བྱེད་སྒོ་དེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིར་ཁྱབ་ཅིང་། རིམ་རྩིས་བརྒྱབ་ན། འགྲན་བསྡུར་ཐེངས་ཁྲི་3.6གཉེར་ནས་མི་ཐེངས་ཁྲི་80ཞུགས་པའི་ཡིད་དབང་བཀུག་ཡོད། རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག གཏམ་རྒྱུད་བརྗོད་པ། གླུ་གར། པར་ལེན། བརྙན་ཐུང་། སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ནུས་རྩལ། དེང་རབས་ཀྱི་ཐོན་སྐྱེད་རྩལ་ནུས་བཅས་རིགས་ཆེ་གྲས་བདུན་དང་འགྲན་བསྡུར་རྣམ་གྲངས་ཁག་33ཚང་མ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད།

    སྟེང་ཆེན་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་གྲོང་སྡོད་ལས་དོན་རུ་མིས་རྩམ་པའི་རིན་གོང་དཔེར་བཞག་ནས་དམངས་འཚོ་འགན་ལེན་གྱི་སྐོར་གླེང་བ་དང་སྔོ་ཚལ་དྲོད་ཁང་ཆེ་མོའི་ཐོན་ཚད་ལ་གཞིགས་ནས་གྲོང་གསེབ་དར་རྒྱས་ཀྱི་སྐོར་གླེང་བཞིན་མཆིས།

    སྲོལ་རྒྱུན་རིག་གནས་འཛམ་གླིང་ཀུན་གྱིས་རྟོགས་པར་བྱས་པ།

    2025ལོའི་ཆབ་མདོའི་མི་སེམས་འགུལ་བའི་སྐོར་གླེང་དགོས་ན། ཟླ་བ་དགུ་པའི་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས་ཀྱི་སྐོར་མི་གླེང་ཀ་མེད་རེད།

    2025ལོའི་ཟླ་9ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ། ལོ་93ལ་སླེབས་པའི་ཆབ་མདོ་གྲོང་ཁྱེར་ཀརྨ་སྒར་བྲིས་ཐང་གའི་ལུགས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཀརྨ་བདེ་ལེགས་ཀྱིས་ལྟ་སྐོར་མང་པོའི་ཁྲོད་ཐང་ག་འབྲི་རྩལ་སློབ་ཁྲིད་བྱེད་ཅིང་། དབུ་སྐྲ་དུང་ལྟར་དཀར་བའི་བགྲེས་སོང་ཁོང་གིས་ལོ་མང་རིང་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཐང་གའི་འབྲི་རྩལ་གྱི་ཉམས་མྱོང་དང་། ལག་རྩལ། མྱོང་ཚོར་བཅས་མཉམ་སྤྱོད་གནང་བཞིན་མཆིས།

    “ཐང་ག་ནི་བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས་ཀྱི་དཔེ་དེབ་ལྟ་བུ་ཡིན་པ་དེར་མེས་པོའི་བློ་གྲོས་བསྡུས་ཡོད”ཅེས་ཚིག་ཐག་ཆོད་པོས་གསུངས།

    སློབ་ཁྲིད་ཚར་རྗེས། གཟབ་མཆོར་སྤྲས་པའི་ཐང་ག་བཞེངས་མཁན་1138ལྷག་ཙམ་གྱིས་དཀར་གཙང་རས་ཆའི་ཐོག་ཆུ་ཚོད་ཁ་ཤས་རིང་བློ་རྩེ་གཅིག་སྒྲིམ་གྱིས་པིར་རྩལ་ངོམ་རྗེས་ཚོན་མདོག་རྣམ་པར་བཀྲ་བའི་ཐང་ག་ཆེན་པོ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན།

    ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོའི་དཔང་པོ་དང་རེ་སྒུག་འོག ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱི་བདེན་དཔང་ར་སྤྲོད་དཔོན་གྱིས“2025ལོའི་ཟླ9ཚེས་28ཉིན་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་སློབ་ཚན་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་མཉམ་དུ་འབྲི་བའི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱི་འགྲན་སློང་ནང་ཞུགས་མཁན་མི་གྲངས་1138ཟིན་ནས་འགྲན་སློང་གི་དམིགས་ཚད་ལས་བརྒལ་ཏེ་འགྲན་སློང་ལ་གྲུབ་འབྲས་ཐོབ་ཡོད”ཅེས་ཁྱབ་བསྒྲགས་བྱས།

    དེ་ནི་ཆབ་མདོའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བསྡུས་རིས་ཤིག་རེད། “གངས་ལྗོངས་ཀྱི་གླུ་དབྱངས·ཆབ་མདོའི་ཕྱག་རྟགས”ཞེས་པའི་རིམ་སྤེལ་བྱེད་སྒོ་ཁག་36ལྟད་མོ་ཆེ་ཞིང་། ཡིག་གཟུགས་པར་ལེན་འགྲེམས་སྟོན་དང་མཉམ་གཞས་འགྲན་བསྡུར་ཐེངས་120ལྷག་ཙམ་བྱས་ནས། ག་གནས་ཀྱི་འོད་སྣང་གྲོང་ཁྱེར་དང་གྲོང་གསེབ་ཏུ་འཕྲོ་བར་བྱས་ཡོད། 《ཤར་རྒྱུད་ཀྱི་རལ་པ》སོགས་གླུ་གར་དང་འཁྲབ་ཚན་ཆུང་བ་173གསར་རྩོམ་བྱས་པ་དང《རྟ་མདའི་སྙིང་སྟོབས》སོགས་འཁྲབ་ཚན་རྩེ་གྲ་7བརྩམས་ཡོད་ལ། ཟློས་གར《ལམ》ཐོག་མར་འཁྲབ་སྟོན་ལེགས་གྲུབ་བྱུང་ཡོད། ཞབས་བྲོ《ཉི་མ་མེ་ཏོག》ལ་ཧན་གོའི་ཧྲོའར་རྒྱལ་སྤྱིའི་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་ཀྲུའུ་ཞིའི་ཞིབ་དཔྱད་ཚོགས་པའི་བྱ་དགའ་ཐོབ་ནས་ཆབ་མདོའི་རིག་རྩལ་བརྩམས་ཆོས་ལ་རྒྱལ་སྤྱིའི་བྱ་དགའ་མེད་པ་ནས་ཡོད་པའི་བར་གྱི་ཚད་བརྒལ་བྱུང་ཡོད།

    ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཙོ་རྒྱུན་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་གི་ཡིན་ཞེས་བཤད།

    ཆབ་མདོའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས“གསར་བརྗེའི་ཆབ་མདོ། དར་རྒྱས་མདུན་སྐྱོད”གཙོ་བོར་བཟུང་ནས་རྒྱང་ལམ་གསར་པར་དེ་བས་ལེགས་པའི་ཉམས་འགྱུར་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།