ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་སྤྲིངས་པའི་རྟེན་འབྲེལ་གློག་འཕྲིན།
ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ།
དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་པའི་ཐོག རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་པ་ཚོས་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་6བཅས་ཁྱོན་གཟེངས་བསྟོད་རྟཌ་མ་15བླངས་ནས། རང་རྒྱལ་གྱི་ལུས་རྩལ་པ་ཕྱི་རྒྱལ་དུ་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཚུན་གྱི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད་པས། ལུས་རྩལ་ཐད་ཀྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀའི་ཐད་རྒྱལ་ཁ་ཉིས་བརྩེགས་བླངས་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་ཀྱི་མཚན་སྙན་བརྩོན་ལེན་བྱས་ཡོད། འདིར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་རྣམ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག བྱམས་བརྩེའི་འཚམས་འདྲི་ཡང་ཞུ་གི་ཡིན།
སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས། ཨོ་ལིམ་ཕིག་གི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་བ་དང་། སེམས་ནུས་གཅིག་སྒྲིལ་དང་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་པ་དེ་ཐོག་ནས་བློ་བརྟན་འགྱུར་མེད་ཀྱི་སྤྱོད་ཚུལ་དང་རྩེར་སོན་གྱི་རྩལ་ནུས་མངོན་པ་མ་ཟད། ཀྲུང་གོའི་ལུས་རྩལ་གྱི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་བཟང་པོའང་མངོན་ཡོད། ཁྱེད་ཚོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལུས་རྩལ་པ་དང་དྲང་གཞག་ངང་འགྲན་རྩོད་དང་། མཛའ་གྲོགས་སྤེལ་རེས། མཛའ་བརྩེ་ཟབ་གཏོང་བཅས་བྱས་ནས། འཛམ་གླིང་ལ་སླར་ཡང་དུས་རབས་གསར་པའི་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་གཟུགས་བརྙན་བཅས་མངོན་པ་དང་ཆབས་ཅིག རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་འཕེལ་བར་བྱས་ཡོད།
ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ཐོག ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཡུལ་གཞི་རྩར་འཛིན་པ་དང་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། འཛམ་གླིང་གི་གངས་འཁྱགས་ལུས་རྩལ་གྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། “མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད་ཐུབ་པའི”གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།
ཀྲུང་གུང་ཀྲུང་དབྱང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
2026ལོའི་ཟླ་2ཚེས་23ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།