དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ​དམངས་འཚོའི་བྱ་གཞག་གོང་དུ་སྤེལ། དམངས་རྣམས་བདེ་བའི་དཔལ་ལ་རོལ།

    ​ལྷ་ས་གྲོང་ཁྱེར་གྱིས་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24

    2025ལོར་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་པོར་དམིགས་ནས་རྒན་གསོ་དང་། རོགས་སྐྱོབ། ཕན་བདེ། གཞི་རིམ་བཅོས་སྐྱོང་སོགས་དམངས་འཚོའི་ཁྱབ་ཁོངས་གཏིང་ཟབ་ཏུ་བཏང་སྟེ་དངོས་སྒྲུབ་ཀྱི་བྱེད་ཐབས་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་དམངས་འཚོ་ལེགས་གཏོང་དང་བདེ་རྩ་ཆེ་རུ་གཏོང་བའི་མི་སེམས་འགུལ་བའི་བྱ་བཟང་བསྒྲུབས་ཡོད།

    རྒན་གསོ་ཞབས་ཞུའི་དྲ་བ་ཚགས་དམ་དུ་བཏང་སྟེ།

    ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱས་པ།

    ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོ་ཞབས་ཞུའི་ཕྱོགས་བསྡུས་ལས་སྟེགས་ཚོད་ལྟ་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ་གྲངས་གཞིའི་རྨང་གཞིའི་ནུས་པ་ཆེན་པོ་6གསར་སྤེལ་བྱས་ནས་རྒན་གསོ་ཞབས་ཞུའི་སྒྲིག་གཞི་25བདེ་འཇགས་ལྟ་འདོམས་ཀྱི་ལས་སྟེགས་ནང་བཅུག་ནས“ཐབ་ཚང་ཕྱི་གསལ་ནང་གསལ”གྱི་བྱེད་ཐབས་བརྒྱུད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། ལྷུན་གྲུབ་རྫོང་འདི་ཉིད་རྒྱལ་ཡོངས་ཀྱི་རྫོང་ཁོངས་རྒན་གསོ་ཞབས་ཞུའི་མ་ལག་གསར་གཏོད་ཚོད་ལྟའི་ཁུལ་ཡིན་པའི་ངོས་ནས་ས་ཁོངས་ཀྱི་ལྟེ་བའི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་4དང་དེ་བཞིན་གྲོང་ཚོ་རིམ་པའི་རོགས་རེས་རྒན་གསོའི་ཁྱིམ་མཚེས་མཛའ་མཐུན་ས་ཚིགས་མང་པོ་བཙུགས་པ་དང་། རྫོང་རིམ་པའི་རྒན་གསོ་ཞབས་ཞུའི་མཛུབ་ཁྲིད་ལྟེ་གནས་དང་ཕྱོགས་བསྡུས་དོ་དམ་ལས་སྟེགས་བསྐྲུན་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་བ་ཚགས་དམ་དུ་བཏང་ནས་རྒན་རྒོན་ཚོ་སྐར་མ་15ཡི་ནང་ཉེ་འགྲམ་དུ་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

    “གཞུང་བཙུགས་དམངས་གཉེར”གྱི་བྱེད་སྟངས་བརྒྱུད་ལྷ་ས་གྲོང་ཁྱེར་གྱིས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་16དང་། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་13 རྒན་གསོའི་ས་ཚུགས་དང་རོགས་རེས་རྒན་གསོའི་ཁྱིམ་མཚེས་མཛའ་མཐུན་ས་ཚིགས་23བཅས་བསྐྲུན་ནས་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྟོང་ཆ་བསྐངས་ཡོད། སྡེ་ཁུལ་གྱི་ཁ་ལག་ཟ་ས་22སྤྱོད་འགོ་ཚུགས་པ་དེས་རྒན་རྒོན“ཁ་ལག་ཟ་ས་དཀོན་པའི”གནད་དོན་གནད་སྨིན་ངང་ཐག་གཅོད་ཐུབ་ཡོད། དེའི་ནང་རྫོང་རྒྱབ་ཀླུ་ཁང་ལྷ་ས་བགྲེས་སོང་བདེ་དཔལ་གླིང་རྒན་རྒོན་ཟ་ཁང་གིས་ཉིན་གཅིག་ལ་ཆ་སྙོམས་མི་ཐེངས་300ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དེ་གངས་ལྗོངས་གནའ་གྲོང་གི་དྲོ་སྐྱིད་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    གནད་སྨིན་རོགས་སྐྱོབ་ཀྱིས་ཐ་སྐྱོང་བྱས་ཏེ།

    ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱས་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།

    ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་10དང་། རྫོང(ཆུས)དང་དེ་བཞིན་བྱེད་ནུས་གླིང་ཁུལ་བཅས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱས་ནས“གནད་སྨིན་གྲལ་བཤེར་དང་། གནད་སྨིན་རོགས་སྐྱོར། རྒྱུན་རྣམ་ཕུགས་ཕན”བཅས་ལྟེ་བར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས། ཆེད་དོན་ཇུས་གཞི་བཏོན་ཏེ་རོགས་སྐྱོར་བྱེད་ཐབས་ཁག་14ཁ་གསལ་བཟོས་ཏེ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་དང་། ཕྱོགས་མི། གཞིས་ལུས་མི་སྣ་སོགས་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ཏེ“དུད་ཚང་རེ་ལ་ཡིག་ཚགས་རེ་དང་མི་རེ་ལ་ཐབས་ཇུས་རེའི”རོགས་སྐྱོབ་རོགས་སྐྱོར་ཆ་འཕྲིན་མཛོད་བཟོས་ཡོད། ལོ་ཧྲིལ་པོར་རོགས་སྐྱོབ་ཁ་གསབ་མ་དངུལ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1.17སྤྲད་པ་དང་མི་ཐེངས་ཁྲི་39ལ་གཅེས་སྐྱོང་ཞབས་ཞུ་སྣ་ཚོགས་བསྒྲུབས་ཡོད།

    གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་མ་མཐའི་འཚོ་བའི་འགན་ལེན་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ“མི་ཧྲེང་དུད་ཚང”དང“རིམ་བཞིན་ཕྱིར་འཐེན་དུས་སྐབས”ཀྱི་སྲིད་ཇུས་གནད་སྨིན་ལག་ལེན་བསྟར་ཡོད། “12349”དམངས་སྲིད་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཏེ་ལོ་ཧྲིལ་པོར་རེ་ཞུ་ཁག་683བདག་སྤྲོད་བྱས་པ་དང་ཐག་གཅོད་བྱེད་ཚད་100%ཟིན་ཡོད།

    ཕན་བདེའི་འགན་སྲུང་སླར་ཡང་རྒྱ་སྐྱེད་བཏང་སྟེ།

    དམིགས་བསལ་ཚོགས་སྤྱིའི་མཛེས་སྡུག་ལྡན་པའི་འཚོ་བ་བསྲུངས་པ།

    ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི“དམངས་འཚོའི་བྱ་བ་དངོས་28”དོན་འཁྱོལ་ནན་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ། དྭ་ཕྲུག དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱི་རིགས་དགུ་ཡི་གཞི་རྩའི་འཚོ་བའི་འགན་སྲུང་དང་ཕན་བདེའི་ཁ་གསབ་ཚད་གཞི་དུས་མཉམ་དུ་9%མཐོ་རུ་བཏང་སྟེ། དམིགས་བསལ་ཚོགས་སྤྱིར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ཡོད།

    གྲོང་ཁྱེར་ཡོངས་ཀྱི་བྱིས་པའི་ཕན་བདེའི་སྒྲིག་གཞི་གཉིས་ཀྱི་ཕྲུ་གུ་ཞེ་བདུན་2025ལོར་སློབ་ཆེན་ལ་བདེ་བླག་ངང་རྒྱུགས་འཕྲོད་པ་དང་ལོ་དགུ་བསྟུད་མར་ཕྲུ་གུ་གཅིག་སྡུད་ཉར་གསོ་བྱེད་ཚད་དང་། མཐོ་རྒྱུགས་ཀྱི་སློབ་རིམ་འཕར་ཚད། ལས་ཞུགས་ཐུབ་ཚད་བཅས་100%ཟིན་ཡོད། དབང་པོ་སྐྱོན་ཅན་དང་རྒན་རྒོན་གྱི་ཕན་བདེ་འགན་སྲུང་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་8052དང་དབང་པོ་སྐྱོན་ཅན་ཚབས་ཆེ་རིགས་ལ་ཁ་གསབ་སྒོར་ཁྲི་1520སྤྲད་པ་དང་། དཔལ་འབྱོར་དཀའ་ངལ་ཡོད་པའི་རྒན་རྒོན་དང་ལས་ཀ་བྱེད་ནུས་ཤོར་བའི་རྒན་རྒོན་1303ལ་ཁ་གསབ་སྒོར་ཁྲི་126.92སྤྲད་པ། རྒན་རྒོན་23011ལ་བདེ་ཐང་གི་ཁ་གསབ་སྒོར་ཁྲི་1954.03སྤྲད་དེ་གཞི་རྩའི་འཚོ་བའི་འགན་སྲུང་དྲ་བ་ཕྱོགས་ཡོངས་ནས་བརྟན་པོ་བསྐྲུན་ཡོད།

    གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ།

    མཐུན་སྦྱོར་མཉམ་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

    ལྷ་ས་གྲོང་ཁྱེར་གྱིས“དམངས་སྲིད་སྲིད་ཇུས་ཁྱིམ་ཚང་ཀུན་ལ་ཁྱབ་གདལ་བཏང་། ཏང་གི་བཀའ་དྲིན་མ་བརྗེད་སེམས་ལ་བརྟན་པོར་ངེས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཤང་གྲོང་དང་གྲོང་ལྷན་དུ་དམིགས་བཙུགས་ཀྱིས་སྒྲོག་འགྲེལ་ཐེངས་287བྱས་པས་མང་ཚོགས་མི་ཐེངས་ཁྲི་1.9ལ་ཕན་པ་ཐོབ་ནས་མང་ཚོགས་ཀྱིས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་མོས་སེམས་ཐོབ་ཚད་ཆེ་རུ་ཕྱིན་ཡོད།

    གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེ་མོ་དང་ཟུང་འབྲེལ་བྱས་ཏེ“ཁག་མང་གཅིག་སྒྲིལ”གྱི་འགྲོ་ལམ་སྟོན་རྟགས་བྱང་བུ་650དང་སྲང་ལམ་གྱི་ཨང་རྟགས(སྒོ་རྟགས་)755བསྒར་བ་དང་། ས་མིང་མཚོན་རྟགས་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་ཀྱི་མིང་བྱང་310ལ་ཚད་ལྡན་ངང་མིང་བཏགས་པ་དང་ཉམས་བཟོ་བྱས་ཡོད། “ས་མིང་རིག་གནས་སྡེ་ཁུལ་དུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་ཏེ་གྲོང་གསེབ་ཀྱི་ས་མིང་རིག་གནས་ཀྱི་བརྙན་ཐུང་དང་གནའ་བོའི་ས་མིང་གསལ་འགྲེལ་བརྙན་ཐུང་41པར་ལེན་བྱས་ནས་ས་མིང་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རྒྱན་ཤོག་ཚབ་འཚོང་ས་ཚིགས་69ཡིས་ལོ་ཧྲིལ་པོར་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་1.18ཟིན་ནས་སྤྱི་ཕན་བྱ་གཞག་ལ་མ་དངུལ་གྱི་གསོན་ཤུགས་རྒྱས་པར་བྱས་ཡོད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་དམངས་སྲིད་ཀྱི་སྟོབས་ཤུགས་སྔར་ལས་མང་བ་སྐྱེས་སུ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།