སྨན་བཅོས་རོགས་སྐྱོབ་བརྩེ་བ་ཟབ། ནད་པའི་སྡུག་བསྔལ་ཡོངས་སུ་བསལ།
དགུན་ཐ་ཆུང་གི་བསིལ་རླུང་མལ་གྲོ་གུང་དཀར་རྫོང་གི་གཞུང་གཤོངས་སུ་དལ་གྱིས་ལྡང་བཞིན་ཡོད་ནའང་། སྲོང་བཙན་སྒྱུ་རྩལ་ཚོགས་པའི་གཞུང་ལས་ཐོག་ཁང་གི་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོ་ཡོད།
“སྨན་པ་ལགས། ངའི་པུས་མོ་འདི་དགུན་ཁར་ན་ཟུག་བཏང་ནས་ཞབས་བྲོའང་འཁྲབ་ཐུབ་ཀྱི་མི་འདུག་པས་གཟིགས་རོགས་གནང”ཞེས་རྫོང་སྒྱུ་རྩལ་ཚོགས་པའི་བོད་རིགས་འཁྲབ་སྟོན་པ་ཞིག་གིས་བོད་སྐྱོར་སྨན་པ་ཚའེ་ཞའོ་ལིན་གྱི་ལག་ནས་བཟུང་སྟེ་བཅོས་ཐབས་ཡོང་བའི་རེ་བ་ཞུས།
བོད་སྐྱོར་ལས་བྱེད་པ་དང་མལ་གྲོ་གུང་དཀར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཅིན་ཅིན་གྱིས་འབྲེལ་བ་བྱས་པར་བརྟེན། ནན་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་རྐང་འཛིན་པ་དང་མཉམ་དུ་མལ་གྲོང་གུང་དཀར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པ་དང་སྲོང་བཙན་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པར་ཆེད་དོན་འོས་འགན་སྨན་བཅོས་བྱས་པ་རེད།
གཞི་རིམ་གྱི་རིག་གནས་ལས་དོན་པ་ལོ་འཁོར་མོར་འཁྲབ་སྟོན་བྱེད་པར་འགྲོ་དགོས་པའི་དབང་གིས་ལས་རིགས་ཀྱི་ནད་མང་པོ་ཐོན་པའི་ཁྱད་ཆོས་ལ་དམིགས་ཏེ། ཁོག་ནད་དང་། ཕྱི་བཅོས། རུས་ནད། བོད་སྨན། བུད་མེད་ཀྱི་ནད། འཇུ་བྱེད་ཀྱི་ནད་སོགས་ཚན་ཁག་མང་པོའི་སྨན་པས་འོས་འགན་སྨན་བཅོས་བྱེད་པར་འོང་ཞིང་། ཀྲུའུ་རེན་ཚའེ་ཞའོ་ལིན་གྱིས་ས་མཐོའི་གནམ་གཤིས་དང་ཟུང་འབྲེལ་ཐོག་པུས་མོ་ཐང་པོ་མེད་པའི་འཁྲབ་སྟོན་པ་ཚོར་བརྟག་དཔྱད་ཞིབ་ཚགས་པོ་བྱས་ནས། པུས་མོའི་དྲོ་ཇུས་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་སྟེ་རང་སོ་སོའི་ནད་གཞི་དང་འཚམ་པའི་སྨན་བཅོས་ཀྱི་ཇུས་གཞི་བཏོན་པ་དང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་སྨན་པ་སྐལ་བཟང་སྒྲོལ་དཀར་གྱིས་བོད་སྐྱོར་རིགས་གཅིག་མཁས་ཅན་ལ་གཞོགས་འདེགས་བྱས་ནས་ལས་བྱེད་པར་ཁྲག་ཤེད་ལྟ་བཞིན་དུ“ཁྱེད་ཀྱི་ཁྲག་ཤེད་ཅུང་མཐོ་བས། དུས་རྒྱུན་གྱི་བཟའ་མར་ཚྭ་ཉུང་ཙམ་རྒྱག་དགོས་ལ། ཇ་སྲུབས་མར་ཡང་ཚྭ་ཉུང་ཙམ་རྒྱག་དགོས”ཞེས་བོད་རྒྱ་སྐད་གཉིས་ཀྱིས་འགྲེལ་བཤད་བྱས། བོད་སྐྱོར་སྨན་པ་དང་ཀྲུའུ་རེན་ལིའུ་ཞང་གིས་བཟའ་བཏུང་གི་གོམས་གཤིས་ཡང་དག་མེད་པ་ལས་བྱུང་བའི་འཁྲབ་སྟོན་པའི་འཇུ་བྱེད་ནད་ཀྱི་གནད་དོན་ལ་དམིགས་ནས་ནད་གཞིའི་འབྱུང་རིམ་དྲིས་པ་དང་སྦྲགས། བདེ་ཐང་ཡོང་ཐབས་ཀྱི་གྲོས་འགོ་བཏོན་པ་མ་ཟད་རང་སར་ཕོ་ཤེལ་བརྟག་དཔྱད་ཀྱི་དུས་ཆད་བཟོས་ཏེ་འབྲེལ་གཏུག་ཁ་པར་ཨང་གྲངས་ཉར་ནས་རྗེས་སུ་འབྲེལ་བ་བྱེད་བདེ་པོ་ཡོང་བར་བྱས་ཡོད།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་ཤང་དང་གྲོང་རྡལ་བརྒྱད་ལ་ཁྱབ་པའི་འཇུ་བྱེད་ཀྱི་དུས་འགོའི་འབྲས་སྐྲན་བརྟག་དཔྱད་རེས་སྐོར་ཐེངས་དང་པོ་མཇུག་འགྲིལ་ཞིང་། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་བའི་དམངས་འཚོའི་བྱེད་ཐབས་ཤིག་ཡིན་པའི་བརྟག་དཔྱད་འདི་ནི་རྫོང་མི་དམངས་སྨན་ཁང་གིས་སྣེ་ཁྲིད་དང་ནན་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བརྒྱུད་རིམ་ཧྲིལ་པོར་ལག་རྩལ་གྱིས་འདེགས་སྐྱོར་བྱས་པ་ཞིག་ཡིན་པར་བརྟེན། མང་ཚོགས་ཀྱིས་སྒོ་རྩ་ནས་ཆེད་ལས་བརྟག་དཔྱད་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
བརྟག་དཔྱད་བྱེད་རིང་། སྨན་བཅོས་རུ་ཁག་གིས་སྡོད་གནས་ཁ་ཐོར་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་ལམ་ཐག་སྤྱི་ལེ་800ལྷག་ཙམ་ཟིན་པའི་ཤང་དང་གྲོང་རྡལ་བརྒྱད་ལ་བསྐྱོད་ནས་དེ་གའི་མང་ཚོགས་ལ་རིན་པ་མི་དགོས་པར་འཇུ་བྱེད་བདེ་ཐང་ཡིན་མིན་ཚོད་སྐོར་དང་ཕོ་ཤེལ་བརྒྱབ་ནས་བརྟག་དཔྱད་བྱས་ཤིང་། ཕོ་བའི་གཅོང་ནད་དང་། རྒྱུ་མའི་ཤ་ལུ། ཕོ་བའི་དུང་འཁྱིལ་ནར་སྲིན་འགོ་ནད་སོགས་ཀྱི་ནད་པར་ས་གནས་ས་ཐོག་ཏུ་སྨན་བཅོས་ཀྱི་གྲོས་འགོ་བཏོན་ནས་བདེ་ཐང་གི་ཡིག་ཚགས་བཟོས་ཏེ། “བརྟག་དཔྱད་དང་། ནད་བརྟག་སྨན་བཅོས། མཛུབ་སྟོན། རྗེས་འདེད་བཅས་ཟུང་འབྲེལ”གྱི་གདུབ་ཟུམ་དོ་དམ་ཞིག་ཆགས་པར་བྱས་ཡོད།
2025ལོ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་ནད་པ་70ཙམ་ལ་ཕོ་ཤེལ་བརྒྱབ་ནས་ཤེས་རྟོགས་བྱུང་བའི་ཕོ་བ་སྨུག་པོའི་ནད་དང་ལོང་གའི་ཤ་ལུ་སོགས་ཀྱི་ནད་གཞི་ཚང་མ་སྨན་ཁང་དེ་རང་ནས་སྨན་བཅོས་གང་ལེགས་ཐུབ་སྟེ། ནད་པ་གཅིག་ཀྱང་སྨན་ཁང་སྒྱུར་དགོས་འཁེལ་མེད།
ཆེད་དོན་འོས་འགན་སྨན་བཅོས་ནས་ས་ཁོངས་ཡོངས་སུ་བརྟག་དཔྱད་བྱེད་པའི་བར་དང་། ལག་རྩལ་བརྒྱུད་ཁྲིད་ནས་ཆེད་ལས་ཚན་ཁག་གི་ཚད་བརྒལ་བར། ནན་ཅིང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་སྨན་བཅོས་ལག་རྩལ་ལ་བརྟེན་ནས་བདེ་ཐང་བསྲུངས་པ་དང་། བརྩེ་བ་དྲོན་མོར་བརྟེན་ནས་མི་རིགས་ཀྱི་མཛའ་བརྩེ་ཟབ་ཏུ་བཏང་ཡོད། ལེ་དབར་སྟོང་གི་དཀའ་ངལ་ཁྱད་བསད་ཀྱིས་བདེ་ཐང་བོད་སྐྱོར་བྱེད་པའི་ལག་ལེན་འདིས་མལ་གྲོ་གུང་དཀར་རྫོང་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། མི་སེར་གྱི“བདེ་ཐང་ཕུགས་འདུན”དེ་བས་མངོན་འགྱུར་བྱུང་ནས“མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ལག་ལེན་གངས་ལྗོངས་ས་མཐོར་དོན་འཁྱོལ་བྱུང་སྟེ། མི་རིགས་མཐུན་སྒྲིལ་དང་སྨན་བཅོས་བོད་སྐྱོར་གྱི་ལེའུ་གསར་རྐྱང་ཞིག་མུ་མཐུད་བརྩམས་དང་རྩོམ་མུས་རེད།
འབྲེལ་ཡོད་གསར་འགྱུར།