དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གངས་ལྗོངས་ས་མཐོར་རྩ་བ་ཚུགས། དམངས་ཀྱི་བདེ་ཐང་ལེགས་པར་སྲུང་།

    ​2015ལོ་ནས་བཟུང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་མི་ཐེངས་2417སྨན་བཅོས་རོགས་སྐྱོར་ལ་ཡོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24

    image.png

    འདི་ནི་ཤང་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་མོ་ནད་བུ་བཙའ་ཚན་ཁག་གི་གཙོ་བཅོས་སྨན་པས་བོད་རིགས་བུད་མེད་ཅིག་ལ་གཤགས་བཙའི་གཤགས་བཅོས་བྱེད་བཞིན་པ།


    འདི་ནི་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་རིགས་གཅིག་མཁས་ཅན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བྱིས་པ་ཞིག་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།

    གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོ་ནས་བཟུང་སྔ་རྗེས་སུ་ཁག་11ལ་བགོས་པ་དང་མི་ཐེངས་2417ཟིན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་བོད་དུ་ཡོང་ནས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཏེ་གྲོང་ཁྱེར་སྨན་ཁང་ནས་ཐག་རིང་གྲོང་ཚོ་བར་དང་། ལག་རྩལ་འགག་སྒྲོལ་ནས་ཤེས་ལྡན་པ་གསོ་སྐྱོང་བར་བརྩེ་བ་དང་ལག་རྩལ་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་ཐང་གི་ཟམ་པ་བསྐྲུན་ཏེ། “ནད་ཆེན”རིགས་400ཙམ་བོད་རང་ནས་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2200ལྷག་ཙམ་གྲོང་ཁྱེར(ས་ཁུལ)ནས་བཅོས་ཐུབ་པ། “ནད་ཆུང”མང་ཆེ་བ་རྫོང་དང་། ཤང་། གྲོང་རྡལ་བཅས་ནས་བཅོས་ཐུབ་པའི་ཁས་ལེན་དོན་དངོས་སུ་གྱུར་ཡོད།

    གངས་ལྗོངས་ས་མཐོར་སྨན་བཅོས་ཀྱི་ངོ་མཚར་བྱས་རྗེས་བཏོད་པ།

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒོ་བསྟེན་ཁང་དུ་ཞོགས་པ་སྔ་པོ་ནས་ནད་པས་ཁེངས་ཤིང་། ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་སྨན་བཅོས་ཁང་དུ་པེ་ཅིང་སློབ་ཆེན་སྨན་ཁང་དང་པོ་ནས་ཡིན་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་ལི་ནན་ཀྲེང་གིས་ས་གནས་དེ་གའི་སྨན་པ་ཚེ་གཡང་གི་སྣེ་ཁྲིད་དེ་བཅོས་དཀའ་བའི་ནད་དཔེ་ཞིག་ལ་བསྐྱར་བཤེར་ཞིབ་ཚགས་བྱེད་བཞིན་ཡོད།

    2025ལོའི་ཟླ་8པར་ལོ་60ལ་སླེབས་པའི་བོད་རིགས་ཨ་མ་རྒན་མོ་ཞིག་ལ་གློ་ཚད་དང་སྨན་མ་འཕྲོད་པའི་དབང་གིས་ནད་གཞི་ཉེན་ཁ་ཆེ་བས་སྨན་ཁང་དུ་བསྡད་པ་རེད། སྨན་པ་ལི་ནན་གྱི་བརྒྱུད་རིམ་ཧྲིལ་པོའི་མཛུབ་ཁྲིད་འོག སྨན་བཅོས་ཚོགས་པས་ནད་འགོག་ནུས་པ་སྙོམ་སྒྲིག་གི་ཕྱོགས་བསྡུས་སྐྱོབ་བཅོས་ཇུས་གཞི་ཞིག་བཟོས་ཤིང་། ཟླ་བ་གཅིག་ཙམ་རིང་སྨན་བཅོས་དང་གཡོག་བྱེད་བྱས་མཐར། ནད་གཞི་དེ་རིགས་བོད་དུ་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་རེད།

    ནད་པ་མང་པོ་སྐྱོབ་བཅོས་བྱས་པའི་རྒྱབ་ཏུ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་མ་ལག་ཅན་གྱི་འདེགས་སྐྱོར་ཡོད་ཅིང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོ་ནས་བཟུང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་12ཀྱི་རོགས་སྐྱོར་སྨན་ཁང་184དང་རོགས་སྐྱོར་བྱ་ཡུལ་སྨན་ཁང་དབར་རོགས་ཁྲིད་གྲོས་མཐུན་བཞག་པ་དང་། ད་བར་སྨན་བཅོས་ཚོགས་པ་2039ལ་རོགས་ཁྲིད་བྱས་པ་དང་ས་གནས་དེ་གའི་སྨན་དོན་མི་སྣ་5416གསོ་སྐྱོང་བྱས་པ། རིམ་རྩིས་བརྒྱབ་ན་གཤག་བཅོས་རིམ་པ་གསུམ་པ་དང་བཞི་པ་ཐེངས་ཁྲི་13.6བྱས་པ་དང་། ལས་སྒོ་གསར་པ་དང་ལག་རྩལ་གསར་པ་5211སྤེལ་རེས་དང་ཁྱབ་གདལ་བཏང་སྟེ་སྨན་བཅོས་ཀྱི་སྟོང་ཆ་ཁག་2806བསྐངས་ཡོད་པ་རེད།

    སྤུས་ལེགས་སྨན་བཅོས་ཞབས་ཞུ་འབྲོག་དུད་ལ་ཁྱབ་གདལ་བཏང་བ།

    2025ལོར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་དེ་འབྲེལ་ཐག་ཏུ་བྱས་ཏེ་བོད་སྐྱོར་རིགས་གཅིག་མཁས་ཅན་104དང་སྨན་ཁང་དེའི་རྐང་འཛིན་སྟོབས་ཤུགས་བསྡུ་རུབ་བྱས་ཏེ། ལོ་ཧྲིལ་པོར་མངའ་རིས་དང་། གཞིས་རྩེ། ནག་ཆུ། ཉིང་ཁྲི་སོགས་སུ་སྐོར་སྐྱོད་སྨན་བཅོས་ཞབས་འདེགས་ཐེངས་9ཞུས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི“སྒོ་རྩར”བསྐྱལ་བ་རེད།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་འོས་འགན་སྨན་བཅོས་བྱ་ཡུལ་དུ། ལོ་59ལ་སླེབས་པའི་འབྲོག་པ་ཚེ་རིང་གིས་སྨན་བཅོས་རུ་ཁག་གི་སྨན་པའི་ལག་པ་ནས་དམ་པོར་འཇུས་ཏེ“སྨན་པ་ལགས། ངའི་རྐང་པའི་རྩ་གྲུམ་ན་ནས་ལོ་བཅུ་གྲངས་ཕྱིན་སོང་། ད་ཆ་ན་ཟུག་ཆེན་པོ་བཏང་ནས་གོམ་པ་ཡང་རྒྱག་ཁག་པོ་འདུག”ཅེས་སེམས་ཁྲལ་ཆེན་པོས་བཤད། སྨན་པས་བརྟག་དཔྱད་ཞིབ་ཕྲ་བྱས་རྗེས་རྫོང་སྨན་ཁང་དུ་གཤགས་བཅོས་བྱས། གཤགས་བཅོས་བྱས་རྗེས་སྨན་སྤྲད་པ་མ་ཟད། ས་མཐོའི་ཁོར་ཡུག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རྒྱུན་ལྡན་དོ་སྣང་བྱེད་དགོས་པའི་དོན་གནད་གསལ་བཤད་བྱས་པ་རེད།

    སྨན་བཅོས་ཞབས་ཞུའི་དྲོ་སྐྱིད་ནི་ནད་རྟགས་ལ་གཞིགས་ནས་སྨན་བཅོས་བྱེད་པའི་ཐད་མངོན་གྱི་ཡོད་པ་མ་ཟད། ལག་རྩལ་མཐུན་སྦྱོར་གྱི་ཕུགས་ཕན་བསམ་གཞིགས་ལས་ཀྱང་མངོན་གྱི་ཡོད། མང་ཚོགས་ཀྱི་ན་ཟུག་གི་སྡུག་བསྔལ་སེལ་བ་དང་ཆབས་ཅིག སྨན་བཅོས་ཚོགས་པས་ད་དུང་སྙན་རོང་རྫོང་མི་དམངས་སྨན་ཁང་དུ་མཁྲིས་པའི་གཤགས་བཅོས་སོགས་འགག་རྩའི་གཤགས་བཅོས་བྱས་པ་དང་། ལག་ལེན་དམར་ཁྲིད་དང་བརྒྱུད་རིམ་ཧྲིལ་པོའི་དཔེ་སྟོན་བརྒྱུད་སྔོན་ཐོན་གྱི་བརྟག་བཅོས་ལག་རྩལ་དག་སྦ་གསང་སྤུ་ཙམ་མེད་པར་གཞི་རིམ་སྨན་དོན་མི་སྣར་བསླབས་ཤིང་། སྤུས་ལེགས་ཀྱི་སྨན་བཅོས་ལག་རྩལ་རྩ་བ་ཚུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། ས་གནས་དེ་གའི་སྨན་ཁང་གི“ཞབས་ཞུའི་རང་བརྟེན”ནུས་པ་མུ་མཐུད་དུ་ཆེ་རུ་བཏང་བ་རེད།

    ནམ་ཡང་གནས་ཐུབ་པའི་ས་མཐོའི་སྨན་བཅོས་དཔུང་ཁག་ཅིག་གསོ་སྐྱོང་བྱས་པ།

    “པད་མ། ལྟོས་དང” ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མོ་ནད་བུ་བཙའ་ཚན་ཁག་གི་བརྟག་བཅོས་བྱ་ཡུལ་དུ་ཏ་ལེན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོའི་བོད་སྐྱོར་རིགས་གཅིག་མཁས་ཅན་ཀུའོ་ཁྲོན་ཅཱ་ཡིས་ནད་ཐོ་བཟུང་ནས་དགེ་ཕྲུག་ཚེ་དབང་པད་མར“ཁྲག་བཀག་པ་ཁོ་ནས་འགྲིག་གི་མ་རེད། ང་ཚོས་སྔོན་ཚུད་ཉེན་བརྡ་དང་དཔྱད་དཔོག་བྱེད་པ་ནས་ཕྱོགས་བསྡུས་སྐྱོབ་བཅོས་བར་གྱི་བརྒྱུད་རིམ་ཧྲིལ་པོའི་འདུ་ཤེས་ཆགས་པར་བྱེད་དགོས། ནག་ཆུའི་སྨན་བཅོས་ཆ་རྐྱེན་ལ་ཚད་ཡོད་ཀྱང་། ང་ཚོའི་བསམ་གཞིག་ལ་ཚད་བཀག་མེད། རིགས་པའི་གཞུང་ལུགས་ནི་བློས་འཁེལ་ཤོས་ཀྱི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་རེད”ཅེས་བཤད།

    སྨན་བཅོས་ལག་རྩལ་བུམ་པ་གང་བྱོའི་ཚུལ་དུ་ཁྲིད་པས་ཚེ་དབང་པད་མར་བློ་སྐྱེད་ཆེན་པོ་བྱུང་ཡོད། “དགེ་རྒན་ཀུའོ་ལགས་ཀྱིས་བརྟག་བཅོས་ཀྱི་གཏན་ཚིགས་ནས་དངོས་སྤྱོད་ཚད་གཞིའི་ཞིབ་ཕྲའི་གནས་ཚུལ་བར་དང་། ནད་ཐོག་ཕྱོགས་སྟོན་གསར་ཤོས་ཀྱི་འགྲེལ་བཤད་ནས་ནད་ཐོག་བསམ་གཞིག་གི་གསོ་སྐྱོང་བར། ཚང་མ་ངང་རྒྱུད་རིང་པོས་མཛུབ་ཁྲིད་གནང་བྱུང”ཞེས་ཚེ་དབང་པད་མས་བཤད།

    ལོ་བཅུའི་རིང་། བོད་སྐྱོར་ཚོགས་པ་ཁག་རེ་རེས་རྒྱུན་མཐུད་འབད་འཐབ་བྱས་ཏེ“ཚོཌ་པས་ཚོགས་པ་ཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ” “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”བཅས་ཀྱི་རོགས་ཁྲིད་ལམ་སྲོལ་བོད་ཀྱི་ས་གནས་ཁག་ཏུ་དོན་འཁྱོལ་ཐུབ་ནས་ཕན་འབྲས་དངོས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།