དབུ་ཤོག>གསར་འགྱུར།
  • བོད་ཀྱི་ལོ་གསར་མཉམ་དུ་བཏང་། དགའ་སྤྲོའི་རྣམ་པ་རབ་ཏུ་འཁོལ།

    ​ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“གསར་གཉིས”ལས་དོན་ཨུ་ལྷན་གྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་འཐུས་མི་དང་མཉམ་དུ་ལོ་གསར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24


    འདི་ནི་མྱུར་སྐྱེལ་བ་དང་། མངག་ཚོང་ཉོ་སྐྱེལ་བ། གཞིས་ལུས་ཚོང་པ་བཅས་ཀྱི་འཐུས་མིས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོའི་མང་ཚོགས་བདེ་སྐྱིད་ཀྱི་ཁྱིམ་དུ་ལོ་གསར་དགའ་གཏོང་བྱེད་བཞིན་པ།

    ཉེ་ཆར། དྲོ་སྐྱིད་དང་མི་རིགས་ཀྱི་ཉམས་སྣང་གིས་ཕྱུག་པའི“སེམས་དྲོས་ཁྱིམ་ཚང་གསོལ་སྟོན”ཞིག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོའི་མང་ཚོགས་བདེ་སྐྱིད་ཀྱི་ཁྱིམ་དུ་སྤྲོ་སྣང་དོད་པོས་གཉེར་བ་རེད། དེ་ནི་ཁྲེང་ཀོན་ཆུས“གསར་གཉིས”ལས་དོན་ཨུ་ལྷན་གྱིས་དངུལ་དཔར་གྲོང་ཚོ་དང་མཉམ་དུ་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་དམིགས་བསལ་གྱི་བྱེད་སྒོ་ཞིག་ཡིན་ཞིང། དེ་གཉེར་དོན་ནི་ལས་ཞུགས་ཚོགས་སྤྱི་གསར་པར་གཅེས་སྐྱོང་དང་དྲོ་སྐྱིད་བསྐྱལ་ནས་ཁོང་ཚོས་གཞན་ཡུལ་དུའང་ཁྱིམ་ཚང་གི་དྲོ་སྐྱིད་དང་ས་གནས་དེ་རང་གི་རིག་གནས་ཀྱི་ཐུན་མིན་ཉམས་འགྱུར་ཚོར་བར་བྱ་ཆེད་རེད།

    གདན་དྲངས་པའི“སྐུ་མགྲོན”ནི་ནམ་རྒྱུན་གྲོང་ཁྱེར་གྱི་སྲང་ལམ་ཆེ་ཆུང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་མཁན་མྱུར་སྐྱེལ་བ་དང་། མངག་ཚོང་ཉོ་སྐྱེལ་བ། དེ་བཞིན་གཞིས་ལུས་ཚོང་པ་བཅས་ཀྱི་འཐུས་མི་ཡིན་པ་རེད། ནམ་རྒྱུན་ཁོང་ཚོ་ནི་གྲོང་ཁྱེར་འཁོར་རྒྱུག་བྱེད་པའི“བར་སྐྱེལ་བ”ཡིན་ལ། ཁྱིམ་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་བའི“བཏང་ཐུང་རྒྱུག་མཁན”ཡང་རེད།

    ལས་དོན་པའི་སྐྱོད་རོགས་འོག་ལས་ཞུགས་ཚོགས་སྤྱི་གསར་པའི་འཐུས་མི་བདེ་སྐྱིད་ཀྱི་ཁྱིམ་དུ་འབྱོར་ཞིང་། སྒོ་རར་འཛུལ་མ་ཐག་དུས་ཆེན་གྱི་གཟབ་མཆོར་སྤྲས་པའི་བདེ་སྐྱིད་ཀྱི་ནང་མི་རྣམས་ཀྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་ཏེ་ཁ་བཏགས་གཡོགས་པ་དང“ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས།

    “ང་ཚོའི་བོད་རིགས་ཀྱི་སྲོལ་རྒྱུན་ལ་ལོ་གསར་གོང་གི‘དགུ་ཐུག’དགོང་མོར་བག་ཐུག་བཟས་ནས་ལོ་གསར་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད”ཅེས་ཨ་མ་བདེ་སྐྱིད་ཀྱིས་ཚང་མར་བོད་ཀྱི་ལོ་གསར་གྱི་གོམས་སྲོལ་སྣ་ཚོགས་ངོ་སྤྲོད་བྱས་ཤིང་། ཚང་མ་གྲལ་སྒོར་དུ་བསྡད་ནས་ཨམ་ཅོག་ཀྲོང་ཀྲོང་ངང་ཉན་པ་དང་སྐབས་འགར་དྲི་བ་འགའ་བཏོན་ནས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། མངག་ཚོང་ཉོ་སྐྱེལ་བ་ཀུའོ་རུའེ་ཝུན་གྱིས“ལོ་མང་ཉོ་སྐྱེལ་ལས་ཀ་བྱས་ནས་བོད་ཟས་མང་པོ་བསྐྱལ་མྱོང་། ཡིན་ནའང་དེ་རིང་གཞི་ནས་ཞིམ་ཟས་དང་གོམས་སྲོལ་དེ་དག་གི་གཏམ་རྒྱུད་ལ་དངོས་འབྲེལ་དྲང་འབྲེལ་རྒྱུས་ལོན་བྱུང་བས། གྲོང་ཁྱེར་འདི་དང་རྦད་དེ་འདྲིས་པའི་སྣང་བ་བྱུང”ཞེས་མྱོང་ཚོར་ཟབ་མོས་བཤད།

    མྱུར་སྐྱེལ་བ་ཙུའོ་ཁོ་ལུའུ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“དུས་རྒྱུན་ལས་བྲེལ་ཆེ་བས། དུས་ཆེན་གྱི་རྣམ་པར་འདི་ལྟར་ཉམས་ལེན་བྱེད་པའི་གོ་སྐབས་ཧ་ཅང་དཀོན། དེ་རིང་བོད་རིགས་སྤུན་ཟླའི་ཁྱིམ་དུ་ཕུན་སུམ་ཚོགས་པའི་ཞིམ་ཟས་འདི་འདྲའི་བྲོ་བ་མྱོང་བ་དང་། དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་འདི་འདྲ་ཉན་རྒྱུ་བྱུང་བས། དངོས་གནས་རང་གི་ཁྱིམ་དུ་ལོག་པ་དང་འདྲ་བར་སེམས་པ་དྲོ་སོབ་སོབ་བྱུང་ལ། རང་ཉིད་ཀྱང་གྲོང་ཁྱེར་འདིའི་མི་ཞིག་ཏུ་གྱུར་པའི་ཚོར་སྣང་ཡང་བྱུང”ཞེས་བཤད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས“གསར་གཉིས”ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཐུན་མོང་མ་ཡིན་པའི“སེམས་དྲོས་ཁྱིམ་ཚང་གསོལ་སྟོན”དེ་ནི་ལྕེ་རྩེའི་རོ་བཅུད་མྱོང་བའི་གོ་སྐབས་ཤིག་ཡིན་པ་མ་ཟད། རིག་གནས་སྤེལ་རེས་དང་སེམས་ཁམས་མཉམ་འདྲེས་གཏིང་ཟབ་བྱེད་པའི་གོ་སྐབས་ཤིག་དེ་བས་ཀྱང་ཡིན་པས། དཀའ་སྤྱད་ལས་བྲེལ་ཆེ་བའི་ལས་ཞུགས་ཚོགས་སྤྱི་གསར་པར་གྲོང་ཁྱེར་འདིར་གཏོགས་སེམས་སྐྱེས་ནས་སྤྱི་ཚོགས་ཁྱིམ་ཚང་ཆེན་པོའི་གཅེས་སྐྱོང་དང་དྲོ་སྐྱིད་ཚོར་བ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་ཆེད་ཟམ་པ་བརྟན་པོ་ཞིག་ཀྱང་བསྐྲུན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།