ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་ལ“རང་ཚུགས་འཚར་ལོངས་ལས་ཁང”བསྐྲུན་པ།
ཁག་དང་པོའི་སློབ་མར་རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་བ།
དབང་པོ་སྐྱོན་ཅན་ལ་ལས་ཞུགས་འབབ་འཕར་ཡོང་བ་དང་ལས་རིགས་རྩལ་ནུས་ཆེ་རུ་གཏོང་རྒྱུར་རོགས་རམ་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ལྗོངས་འགྲོ་ཕན་གླིང་རིག་གནས་ཚད་ཡོད་ཀུང་སི་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་དབང་པོ་སྐྱོན་ཅན་ཚོ་ལ་འཚམ་པའི“རང་ཚུགས་འཚར་ལོངས་ལས་ཁང”གི་ལག་ཤེས་བཟོ་རྩལ་མཐུན་སྦྱོར་ལས་སྟེགས་བཏོད་ཡོད།
རྣམ་གྲངས་དེས་སྲོལ་རྒྱུན་གྱི་བཟོ་རྩལ་དང་། ས་ཁོངས་ཐོན་ཁུངས། རིག་གནས་ཀྱི་ཁྱད་ཆོས་བཅས་ཟུང་དུ་འབྲེལ་རྒྱུ་ལྟེ་བར་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་དང་རིག་གནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། དེས་དབང་པོ་སྐྱོན་ཅན་གྱིས་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་རིན་ཐང་གཏོད་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་ཕུགས་འདུན་བཟང་པོ་སྒྲུབ་རོགས་བྱས་ཡོད། ཁག་དང་པོའི་སློབ་མ་45ལ་རིམ་རྩིས་བརྒྱབ་ན་འབབ་འཕར་སྒོར་10035བྱུང་ནས་རྩལ་ནུས་མཐོར་གཏོང་དང་ཡོང་འབབ་འཕར་རྒྱུ་གཉིས་ཀ་ཚད་བརྒལ་བྱུང་ཡོད།
མིག་སྔར་གསོ་སྦྱོང་ཁག་གཉིས་པ་བདེ་བླག་ངང་བྱེད་འགོ་ཚུགས་ཤིང་། དེའི་ནང་ལྷུན་གྲུབ་དང་། འདམ་གཞུང་། སྙེ་མོ། མལ་གྲོ་གུང་དཀར། སྟོད་ལུང་བདེ་ཆེན་བཅས་རྫོང(ཆུས)ལྔར་ཁྱབ་པ་དང་། སློབ་མ་76ལ་ཀམ་པ་ལི་དང་། ལག་འཚེམ། འཁོར་འཚེམ་སོགས་ཀྱི་རྩལ་ནུས་ཁག་སོ་སོར་སློབ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་ལས་རྒྱུན་མཐུད་བྱེད་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་སྦྲེལ་ཐག་འཐུས་སྒོ་ཚང་དུ་བཏང་སྟེ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།