“ས་མཐོའི་ལོ་གསར་གྱི་གནམ་གང་དགོང་མོ་བརྟན་སྲུང་བྱེད་མཁན”
རང་འགན་གཙང་སྒྲུབ་བྱས་པས་མི་སེམས་འགུལ་བའི“མཉམ་འཛོམས”བྱུང་བ།
ལོ་གསར་ཤར་བ་དང་ཆབས་ཅིག ཆབ་མདོའི་ས་གཞི་ཆེ་མོའི་གང་སར་ལྒང་ཞུ་མཐོན་པོར་བཀལ་བ་སོགས་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། ནང་མི་མཉམ་འཛོམས་བྱེད་པའི་སྐབས་དེར་མི་ཁག་གཅིག་གིས་ལས་གནས་བརྟན་སྲུང་བྱས་ཏེ་ཁྱིམ་ཚང་མང་པོའི་བདེ་འཇགས་དང་དྲོ་སྐྱིད་སྲུང་བཞིན་ཡོད།
གོས་དཀར་ལྷ་མོས།
སྐྱ་གྲིབ་གཤགས་བཅོས་བྱས་ནས་མང་ཚོགས་ལ་འོད་སྣང་བསྐྱར་དུ་སྦྱིན་པ།
ཁྲུང་ཆིང་དང་ཆབ་མདོའི་སྨན་བཅོས་མཐུན་སྦྱོར་གྱི་གསོན་ཉམས་དོད་པའི་མཚོན་བྱེད་ཅིག་ཡིན་པའི་ཁྲུང་ཆིང་གི་སྨན་བཅོས་བོད་སྐྱོར་རིགས་གཅིག་མཁས་ཅན་ཧུའུ་ཁོ་ཡིས་ཆབ་མདོ་འདི་ཉིད“ཕ་ཡུལ་གཉིས་པར”བརྩི་གི་ཡོད། 2019ལོ་ནས་བཟུང་། ཧུའུ་ཁོ་ལོ་ལྟར་ཆབ་མདོར་ཐེངས་གཉིས་གསུམ་ཡོང་ནས་མིག་ནད་ཚན་ཁག་གི་སྨན་བཅོས་སྒྲིག་ཆས་ཁྱེར་ཏེ་གཞི་རིམ་དང་གྲོང་གསེབ་ཏུ་བྱིས་པའི་མིག་ནད་གྲལ་བཤེར་དང་རིན་མེད་ངང་སྐྱ་གྲིབ་གཤགས་བཅོས་བྱེད་པར་སྐྱོད་ཀྱི་ཡོད། ས་མཐོར་སྨན་བཅོས་བྱེད་རིམ་བཞིན་མང་ཚོགས་ཚོའི་མིག་སླར་ཡང་མཐོང་ཐུབ་བའི་དགའ་སྤྲོའི་རྣམ་པ་མཐོང་སྐབས་ཁོང་གིས་མུ་མཐུད་བོད་སྐྱོར་བྱ་རྒྱུའི་སེམས་ཐག་བཅད།
2025ལོའི་ཟླ་7པར། ཧུའུ་ཁོ་ཁྲུང་ཆིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་ཡིན་པའི་ངོས་ནས་བོད་སྐྱོར་དངོས་སུ་བྱས་ཏེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་འཁུར། ལས་གནས་སུ་སླེབས་མ་ཐག་ཁོང་གིས“སྒུལ་བདེའི་མིག་ནད་ཚན་ཁག་གི་སྨན་ཁང”གྲབས་འཛུགས་བྱ་རྒྱུའི་སྣེ་ཁྲིད་དེ་མཉམ་འབྲེལ་སྤྱི་ཕན་སྒྲིག་གཞིས་མང་ཚོགས་ལ་བསྐྱར་མཐོང་གི་གཤགས་བཅོས་ཐེངས་100ལྷག་ཙམ་བྱས་པ་དང་། ནུས་ཤུགས་ཡོད་རྒུས“རྒན་གཅིག་གཞོན་གཅིག”གི་མིག་གི་བདེ་ཐང་སྲུང་སྐྱོང་བྱས་པ། ས་གནས་དེ་གའི་སྨན་དོན་མི་སྣར་ངང་རྒྱུད་རིང་པོས་ལག་རྩལ་བསླབས་ཏེ་གནད་འགག་ཆེ་བའི་ལག་རྩལ་ས་མཐོར“མེད་པ་ནས་ཡོད་པའི་བར་དང་། ཡོད་པ་ནས་ལེགས་པའི་བར”ཁྱབ་ཐུབ་པར་བྱས་ཡོད།
ད་ལོ་ནི་ཧུའུ་ཁོ་ཆབ་མདོར་ལོ་གསར་གཏོང་ཐེངས་དང་པོ་ཡིན་ཞིང་། ཁོང་གིས་ད་དུང་ཆེད་མངགས་རང་གི་བུ་མོ་གཉིས་ས་མཐོར་ལོ་གསར་གཏོང་བར་བསུས་ཡོད། ཧུའུ་ཁོ་ཡིས“ཕྲུ་གུ་ཚོར་འདི་གའི་འཚོ་བ་དངོས་སུ་མྱོང་རོལ་བྱེད་དུ་འཇུག་འདོད་འདུག”ཅེས་བཤད།
ཧུའུ་ཁོ་ཡི་ངོས་ནས་བརྗོད་ན། གངས་ལྗོངས་ས་མཐོར་ལོ་གསར་བཏང་བ་དེ་ནི་ལས་གནས་བརྟན་སྲུང་གི་འགན་འཁྲི་ཡིན་ལ་མཉམ་འཛོམས་ཀྱི་རྣམ་པ་གཞན་ཞིག་ཀྱང་རེད།
དུས་བདེའི“མཚན་སྲུང་བ”
“དགུ་ཐུག”ནང་གི་བརྩེ་བ་ཟབ་མོ།
དུས་ཆེན་རིང་གི་མི་སེམས་དྲོ་བའི་ལྟ་སྐྱོང་ནི་ནད་བརྟག་ཁང་དང་ནད་ཁང་གཅིག་པུ་མིན་པར་ཁྲོམ་གཞུང་དང་སྲང་ལམ་གང་སར་ཁྱབ་ཡོད།
ཞོགས་པའི་ཁྲོམ་གཞུང་དང་སྲང་ལམ། ས་སྲོད་ཀྱི་ལམ་མདོ། མཚན་གུང་གི་ཁུལ་ཆུང་བཅས་ནས་རྒྱུན་དུ་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་རུབ་ཡན་ལག་ཅུས་སི་ཁྲོན་ཆའོ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚེ་རིང་བསྟན་འཛིན་དང་ལས་རོགས་ཚོས་སྐོར་གཡེང་བྱེད་བཞིན་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། ཁོང་ཚོ་རླངས་འཁོར་དང་མི་སྣ་འགྲོ་འོང་བྱེད་སར་སྐྱོད་དེ་འགྲིམ་འགྲུལ་གཤོང་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡོད།
ལོ་འདི་དག་རིང་གི་ལོ་གསར་གྱི་གནམ་གང་དགོང་མོའི་སྐོར་གླེང་སྐབས་ཚེ་རིང་བསྟན་འཛིན་ལ་མི་སེམས་དྲོ་བར་བྱེད་པའི་དྲན་འཆར་མང་པོ་ཤོད་རྒྱུ་ཡོད།
ཁོང་གིས“ལོ་ལྟར་ལོ་གསར་གནམ་གང་གི་དགོང་མོར་ང་ཚོས་ཁྲོམ་གཞུང་དུ་སྐོར་གཡེང་བྱེད་རིང་ཡུལ་མི་སྡོད་ཁུལ་བརྒྱུད་སྐབས་སེམས་རྩ་འཁོལ་བའི་མང་ཚོགས་ཚོས་སྒེའུ་ཁུང་ཕྱེ་ནས་དཀའ་ལས་ཁག་སོང་ཞེས་བརྗོད་ཀྱི་འདུག”ཅེས་དགའ་སྤྲོའི་ངང་བཤད།
ཚེ་རིང་བསྟན་འཛིན་གྱི་ངོས་ནས་བརྗོད་ན་དུས་བདེ་ནི་མཉམ་འཛོམས་ཡིན་ཞིང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་དགའ་སྤྲོའི་མཉམ་འཛོམས་དེ་དུས་བདེའི་མཉམ་འགྲོགས་དང་ཁ་འབྲལ་ཐབས་མེད། དུས་ཆེན་རིང་སྐོར་གཡེང་བྱས་ནས་སྔོན་འགོག་ཚོད་འཛིན་བྱེད་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ། འགལ་ཟླ་སེལ་བ་བཅས་བྱེད་དོན་ཡང་ཁྱིམ་ཚང་ཚང་མས་བློ་བདེ་བག་ཕེབས་ངང་དུས་ཆེན་གཏོང་ཐུབ་ཆེད་རེད།
གྲོང་གསེབ་དར་རྒྱས་ཀྱི་ལམ་སྣེ་བ།
སྟག་སྒང་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ།
དུས་ཆེན་གཉིས་རིང་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་སྟག་སྒང་གྲོང་ཚོའི་གང་སར་འཁྲུག་ཆ་དོད་ཅིང་། དེའི་རིང་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཡིན་པའི་ཡའོ་དབྱིན་ཕིང་དང་རུ་མི་ཚོས་དུས་ཆེན་གོང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་འཚམས་འདྲི་བྱེད་པ་དང་། དུས་ཆེན་རིང་ལས་རེས་བྱས་ནས་བདེ་འཇགས་སྲུང་སྐྱོང་བྱེད་པར་བྲེལ་ཏེ་ཁྱིམ་ཚང་ཚང་མར་བློ་བདེ་དང་དྲོ་སྐྱིད་ཡོང་བར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་སྟག་སྒང་གྲོང་ཚོར་བྱུང་བའི་འགྱུར་ལྡོག་ནི་དངོས་དངོས་རྗེན་རྗེན་དང་མིག་མཐོང་ལག་ཟིན་ཐུབ་པ་ཞིག་རེད།
2024ལོར་སྟག་སྒང་གཞུང་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་དང་། རང་བྱུང་གྲོང་ཚོ་ཁག་ཏུ་གད་སྙིགས་བསྡུ་རུབ་ས་ཚིགས་བཀོད་སྒྲིག་བྱས་པ། དུད་ཚང་ཚང་མར་མི་ཕྱུགས་ལོགས་དབྱེ་བཅས་བྱུང་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ་དང་། གྲོང་ཚོ་རིམ་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་གིས་མང་ཚོགས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་བར་བྱས་པས་ཚང་མ་དེ་སྔའི“སྒུག་བརྟེན་སློང་གསུམ”ནས་རང་འགུལ་ངང་ལས་ཀ་བྱེད་པ་དང་གཅིག་ཤོར་གཉིས་ཤོར་གྱིས་ལས་ཀ་བྱེད་པའི་བར་གྱུར་ཡོད། བདེ་སྡོད་ཁང་པ་དང་། བདེ་འཇགས་འཐུང་ཆུ། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་། བྱིས་པའི་སློབ་གསོ་ས་ཚིགས། འཕྲིན་གཏོང་དྲ་རྒྱ་བཅས་ཕྱོགས་ཡོངས་ལ་ཁྱབ་པ་དང་རྒན་གསོ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་ནས་དམངས་འཚོའི་འགན་ལེན་དྲ་བ་ཚགས་ཇེ་དམ་དང་མང་ཚོགས་ཀྱི་འཚོ་བའི་གདེང་ཚོད་ཆེ་རུ་འགྲོ་བཞིན་ཡོད།
ས་མཐོར་བསིལ་རླུང་དལ་གྱིས་ལྡང་ཞིང་གང་སར་ལོ་གསར་གྱི་རྣམ་པས་ཁེངས། སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱེད་བཞིན་པའི་གཟུགས་བརྙན་དག་རིམ་བཞིན་འཁྲུག་ཆ་དོད་པའི་མི་ཚོགས་ཀྱི་ཁྲོད་དུ་ཡལ་ནས་རྒྱུན་གཏན་གྱི་རྣམ་པར་གྱུར།
འབྲེལ་ཡོད་གསར་འགྱུར།