དབུ་ཤོག
  • སྦྲག་སྐྱེལ་རླངས་འཁོར་གྱིས“ལོ་གསར”གྱི་མྱུར་སྐྱེལ་འབྲོག་ཁུལ་དུ་བསྐྱལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-24

    ནག་ཆུ་གྲོང་ཁྱེར་ནས་ཐོན་པའི་ལྗང་མདོག་སྦྲག་སྐྱེལ་རླངས་འཁོར་དུས་ཐོག་ཏུ་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཨ་མདོ་རྫོང་ཡན་ལག་ཀུང་སིའི་སྒོ་རའི་ནང་བསྐྱོད་ཅིང་། རླངས་འཁོར་སྒོ་ཕྱེ་མ་ཐག་བརྒྱུད་སྐྱེལ་བྱེད་སར་ལས་མི་ཚོ་དེ་གར་བསྡུས་ཡོད།

    རླངས་འཁོར་ནས་ཅ་ལག་འབེབས་པ་དང་། ཨང་རྟགས་བཤེར་བ། དབྱེ་བ་འབྱེད་པ་བཅས་གོ་རིམ་ལྟར་བྱས་ཤིང་། ས་བབ་སྨི་4700ལྷག་ཙམ་ཡོད་པའི་གནས་དེར་ཤུགས་ལས་གང་ཞིག་བྱེད་ཀྱང་ཀླུང་ཐང་ལས་དཀའ་ལས་ཆེ་བ་ཡོད་མོད། འོན་ཀྱང་ལས་ཀའི་བར་སེང་དུ་ངལ་གསོ་མཁན་གཅིག་ཀྱང་མེད།

    “དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ང་ཚོས་ལས་གནས་བརྟན་སྲུང་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་བཞིན་ཡོད”ཅེས་ཨ་མདོ་རྫོང་ཡན་ལག་ཀུང་སིའི་ཅིང་ལི་གཞོན་པ་བསྟན་འཛིན་ལྷ་མོས་རླངས་འཁོར་ནས་ཅ་ལག་འབེབས་བཞིན་དེ་ལྟར་བརྗོད་བྱུང་།

    ཆུ་ཚོད་གཅིག་སོང་རྗེས། དབྱེ་འབྱེད་ཀྱི་ལས་ཀ་ཚར་ལ་ཉེ། ཅ་ལག་མང་པོ་སྤུངས་པའི་ཐུམ་སྒྲིལ་དེ་དག་ཤང་དང་། གྲོང་རྡལ། གྲོང་ཚོ། གྲོང་ལྷན་བཅས་ལྟར་ཁག་བཅུ་ཙམ་ལ་དབྱེ་ཡོད། བསྟན་འཛིན་ལྷ་མོས་ཡར་ལངས་ནས་རྐེད་པར་བཅག་བཅག་བྱས་ཏེ“དཀའ་ལས་ཁག་ཀྱང་ཐུམ་སྒྲིལ་དུས་ཐོག་ཏུ་འབྲོག་པ་མང་ཚོགས་ཀྱི་ལག་ཏུ་འབྱོར་ཐུབ་ན་ང་ཚོ་བློ་བདེ་པོ་འདུག”ཅེས་བརྗོད་བྱུང་། ན་ནིང་ཟླ་7ཚེས་1ཉིན《ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་སྐྲུན་གྱི“མྱུར་སྐྱེལ་གྲོང་སྐྱོད”ལས་དོན་གྱི་ལག་བསྟར་ཇུས་གཞི》ལག་བསྟར་བྱས་ཤིང་། སྲིད་གཞུང་གིས་ཁ་གསབ་བྱེད་པ་དང་སྦྲག་སྲིད་དང་མྱུར་སྐྱེལ་ཁེ་ལས་ཀྱིས་མཉམ་ལས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་བསྐུར་མ་ཐད་ཀར་ཤང(གྲོང་རྡལ)དང་གྲོང་ཚོར(གྲོང་ལྷན)སྐྱེལ་གྱི་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི“སྦྲག་སྲིད་མྱུར་སྐྱེལ་མཉམ་ལས”སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད་པ་དང་ཐག་རིང་ཞིང་འབྲོག་ཁུལ་དུ་སྦྲག་རྫས་ཁྲི་23.96སྡེབ་སྐྱེལ་བྱས་པ་དང་ཁ་གསབ་མ་དངུལ་སྒོར་ཁྲི་134.3སྤྲད་ཡོད།

    དབྱེ་འབྱེད་ཚར་རྗེས། སྦྲག་སྐྱེལ་བས་རང་སོ་སོའི་རླངས་འཁོར་ནང་དངོས་ཟོག་བླུགས་འགོ་ཚུགས། ཚེ་རིང་འགྱུར་མེད་ནི་མཚོ་དམར་ཤང་སྦྲག་སྲིད་ཁང་གི་སྦྲག་སྐྱེལ་བ་ཞིག་ཡིན་ཞིང་། ཁོང་གི་རླངས་འཁོར་སྟེང་དུ་མྱུར་སྐྱེལ་ཁུག་མ་ཆེན་པོ་བཞི་བླུགས་ནས་འདུག “2019ལོར་ང་ལས་ཀར་ཞུགས་མ་ཐག་གི་སྐབས་སུ་མྱུར་སྐྱེལ་ཁུག་མ་གཅིག་གཉིས་ལས་མེད། ད་ཆ་མང་ཤོས་ལ་ཁུག་མ་དྲུག་ཟིན་གྱི་འདུག”ཅེས་ཚེ་རིང་འགྱུར་མེད་ཀྱིས་གསར་འགོད་པར་དེ་ལྟར་བཤད།

    གསར་འགོད་པས་ཤེས་རྟོགས་བྱས་པར། ད་ལོ་ནག་ཆུ་གྲོང་ཁྱེར་གྱིས་ད་དུང་སྦྲག་སྲིད་དང་། མྱུར་སྐྱེལ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཐོན་ཁུངས་བཅས་བསྡུ་སྒྲིལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། མཉམ་དུ་སྡེབ་སྐྱེལ་བྱེད་ཐབས་ཁྱབ་གདལ་བཏང་ནས་སྐྱེལ་འདྲེན་ནུས་པ་མཉམ་སྤྱོད་དང་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུ་རེད། བསྟན་འཛིན་ལྷ་མོས“ང་ཚོས་ཀྱང་གཞོགས་འདེགས་ཧུར་ཐག་བྱས་ཏེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་གང་ལེགས་སྐོང་རྒྱུ་མ་ཟད། འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་རོགས་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད་བྱུང་།

    ལྗང་མདོག་གི་སྦྲག་འཁོར་གཅིག་རྗེས་གཉིས་མཐུད་ངང་སྒོ་ར་ནས་ཐོན་ཏེ་རྩྭ་ཐང་དང་གངས་རི་བརྒལ་ནས་སྦྲག་སྐྱེལ་གྱི་ལམ་དུ་བཞུད། ལོ་གསར་སྐབས་ཁོང་ཚོ་ནང་མི་དང་མཉམ་འཛོམས་བྱེད་པའི་ཁོམ་པ་མེད་ཀྱང་། ཁོང་ཚོས་ལོ་གསར་གྱི་དྲོ་སྐྱིད་མི་མང་པོས་ཚོར་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།