དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁོང་ཚོས་མཐའ་མཚམས་སྐོར་ཞིབ་ལམ་གྱི་ཕ་བོང་ཐོག“ཀྲུང་གོ”ཞེས་པའི་ཡིག་ཆེན་གཉིས་བྲིས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ​ ཁྲེན་ཧྲང་ཚའེ། སྐལ་བཟང་དཔལ་འབྱོར། བློ་གྲོས་རྒྱ་མཚོ།   |     སྤེལ་དུས།  2026-02-24

    ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་གནས་ཤིང་ལོ་འཁོར་མོར་གངས་མ་ཆར་གྱི་གནམ་གཤིས་ཡིན་མོད། ཟླ་2ཚེས་6ཉིན་གནམ་དྭངས་ནས་གནམ་གཤིས་ཡག་པོ་ཞིག་བསྟན་པ་རེད།

    སྨུག་པ་མེད་ལ་གངས་མ་ཆར་ཡང་མ་བབས་པའི་དུས་སྐབས་དང་བསྟུན་ནས། “90ནང་སྐྱེས”ཀྱི་མཐའ་སྲུང་རུ་དཔོན་ལྷག་པ་ཚེ་རིང་གིས་རུ་མི་དང་མཉམ་དུ་ཁ་ཟས་དང་། སྟབས་བདེའི་ཐུག་པ། མཚེ་འཕྲིན། རྒྱང་ཤེལ་སོགས་བླུགས་པའི་ཁུག་མ་རྒྱབ་ཏུ་ཁུར་ཞིང་། སྐེད་པར་ལྕུག་ཕྲན་གཅོད་བྱེད་ཀྱི་ལྷོ་པའི་རལ་གྲི་ཞིག་གཟེར་བ་དང་། ལག་ཏུ་རྒྱལ་དར་བཟུང་སྟེ་མཐའ་མཚམས་སྐོར་ཞིབ་གྱི་ལམ་དུ་བཞུད།

    ས་ཚིགས་དང་པོ་རིབ་ལ་ཡིན་ཞིང་། ཉིན་དེའི་མཐའ་མཚམས་སྐོར་ཞིབ་ལམ་བུའི་འགོ་འཛུགས་ས་ནི་ས་བབ་སྨི་4800ཙམ་ཟིན་པའི་ལ་སྒང་ཡིན་པ་དང་། དེ་གར་ལོ་འཁོར་མོར་གངས་གསོག་ཐེབས་ཀྱི་ཡོད་པས། མཐའ་སྲུང་རུ་མིའི་རྐང་པའང་གངས་ནང་དིམ་འགྲོ་ཡི་ཡོད། སྐོར་ཞིབ་ལམ་དུ་གསར་འགོད་པས་གོམ་བགྲོད་ཇེ་མགྱོགས་སུ་བཏང་ན་མ་གཏོགས་རུ་ཁག་གི་རྗེས་ཟིན་གྱི་མེད།

    ལྷག་པ་ཚེ་རིང་གིས་གོམ་བགྲོད་དལ་དུ་བཏང་ནས། གསར་འགོད་པ་དང་མཉམ་དུ་སྐྱོད་ཅིང་། ཁོང་གིས་ཡང་སེ་གོམ་པ་སྤོ་མཚམས་བཞག་ནས་ལྷམ་ནང་གི་གངས་བཏོན་གྱི་ཡོད། “གངས་ཕྱིར་མགྱོགས་ཙམ་བཏོན་ན་མ་གཏོགས། བཞུས་ན་རྐང་པ་འཁྱགས་ཀྱི་རེད” ཁོང་གིས་གསར་འགོད་པར། གངས་གསོག་ཐེབས་པའི་ལམ་དུ་བཞུད་སྐབས་དེའི་རྩལ་ནུས་ཁོང་དུ་ཆུད་པ་བྱེད་དགོས། ལ་སྒང་དུ་གངས་གསོག་ཐེབས་ཉུང་བ་དང་རི་ཁུག་ཏུ་གངས་གསོག་ཐེབས་མང་བས་གཡོལ་ནས་འགྲོ་དགོས་ཞེས་དྲན་སྐུལ་བྱས།

    ལོ་50ལ་སླེབས་པའི་ཕུར་བུ་ནོར་བུས་ལག་ཏུ་སྐར་ལྔའི་དར་དམར་བཟུང་སྟེ་རུ་གྲལ་གྱི་མདུན་སྣེར་བསྐྱོད་ཅིང་། བསོད་ནམས་རྡོ་རྗེས་རྒྱང་ཤེལ་ནས་ཐག་རིང་གི་གངས་ཐིག་ལ་ལྟ་བ་དང་། ཁོང་གིས“མཐའ་མཚམས་ནས་སྒྲོལ་མཁན་ཡོད་མེད་དང་ཕྱིར་མངོན་པའི་རྡོ་ཡི་ཐོག་ཏུ་རྒྱལ་ཁབ་གཞན་གྱི་མཚོན་རྟགས་ཡོད་མེད་ལྟ་བ་སོགས་ནི་མཐའ་མཚམས་སྐོར་ཞིབ་བྱེད་སྐབས་དོ་སྣང་བྱེད་དགོས་ས་ཡིན”ཞེས་བརྗོད།

    ཡུལ་སྨད་ཤང་དེ་སྔ་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་ཡིན་ཞིང་། འབྲོག་པ་རྒད་པོ་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ནང་མི་གསུམ་གྱིས་ལོ་32རིང་རྒྱལ་ཁབ་ཆེད་འདི་གར་མཐའ་མཚམས་སྲུང་བ་རེད། ཉེ་བའི་ལོ་ཤས་རིང་། ས་བབ་དེ་བས་མཐོ་བའི་ས་ཁུལ་ནས་གནས་སྤོས་བྱས་པའི་ཞིང་འབྲོག་པ་དང་། མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། རིམ་པ་གོང་མའི་ཚན་པ་ནས་བཏང་བའི་ཏང་སྲིད་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་སོགས་བོད་རིགས་དང་རྒྱ་རིགས་མང་པོ་རིམ་བཞིན་ཡུལ་སྨད་དུ་འདུས།

    ལྷག་པ་ཚེ་རིང་གི་ཁྱིམ་ཚང་ནི་2019ལོར་ལྷུན་རྩེ་རྫོང་རི་རོང་ཤང་ནས་ཡུལ་སྨད་ཤང་དུ་སྤོས་པ་དང་། 2023ལོར་ཁོང་མཐའ་སྲུང་རུ་མི་ཞིག་ཏུ་གྱུར་པ་རེད།

    ལྷག་པ་ཚེ་རིང་གིས་གསར་འགོད་པར“དེ་སྔོན་ངེད་ཁྱིམ་གྱི་ཡོང་འབབ་གཙོ་བོ་ཕྱུགས་འཚོ་བ་དང་ཞིང་ཁ་འདེབས་པ་ལས་ཡོང་གི་ཡོད་པས། འཚོ་བ་ཁ་འཕྱིད་ཙམ་ལས་མེད། ཡུལ་སྨད་ཤང་དུ་སྤོས་རྗེས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རོགས་སྐྱོར་འོག ནང་མི་ཚང་མ་སྨི་ངོས་གྲུ་200ལྷག་ཙམ་གྱི་ཐོག་ཁང་ནང་སྡོད་རྒྱུ་བྱུང་བ་དང་ཆབས་ཅིག དམངས་སྲོལ་མགྲོན་ཁང་དང་ཇ་ཁང་ཡང་གཉེར་བས། འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ཡི་འདུག ད་ཆ་ད་དུང་མཐའ་མཚམས་སྐོར་ཞིབ་ལས་ཀར་ཞུགས་ཏེ་རྒྱལ་ཁབ་ཆེད་དུ་ལས་ཀ་ཏོག་ཙམ་བྱེད་ཐུབ་པས། ང་རྦད་དེ་བློ་ཡིད་ཚིམ་སོང”ཞེས་བརྗོད།

    གུང་ཚིགས་བཟས་ཚར་རྗེས། གསར་འགོད་པ་མཐའ་སྲུང་རུ་མི་དང་མཉམ་དུ་རི་རྩེ་ནས་བབས་ཏེ་རི་གཤམ་གྱི་ས་ཚིགས་གཉིས་པ་སྟེ། སྟག་ཚང་བྲག་ཕུག་ཚང་རོང་ནགས་ཁུལ་དུ་བསྐྱོད།

    ས་བབ་དམའ་རུ་སོང་བ་དང་བསྟུན་ནས་རྩི་ཤིང་ཡང་ཇེ་མང་དུ་སོང་། ནགས་ཚལ་སྟུག་པོའི་ཁྲོད། འགྲོ་ལམ་ཀྱག་ཀྱོག་ཡིན་པས། བློ་བཟང་ནོར་བུས་ལྷོ་པའི་རལ་གྲི་བཏོན་ཏེ། ལམ་འགོག་པའི་ལྕུག་ཕྲན་ཡང་སེ་བཅད་ནས་འགྲོ་ལམ་བཤངས།

    ནགས་ཚལ་སྒྲོལ་རྗེས། མཐའ་སྲུང་བ་ཚོ་ཆུ་ཕྲན་ཞིག་གི་འགྲམ་དུ་སླེབས་ཤིང་། དེ་ནི་ད་ཐེངས་སྐོར་ཞིབ་ཀྱི་གཡུལ་ས་མདུན་མ་དེ་ཡིན་པ་རེད། བསོད་ནམས་རྡོ་རྗེས་ཁུག་མའི་གཞོགས་ཤིག་ནས་གཏོར་རྩི་བཏོན་ཏེ། གཙང་འགྲམ་གྱི་ཕ་བོང་ཆེན་པོ་ཞིག་གི་ཐོག“ཀྲུང་གོ”ཞེས་པའི་ཡི་གེ་དམར་པོ་ཆེན་པོ་གཉིས་བྲིས། ཁོང་གིས“འདི་ནི་བདག་དབང་གསལ་བསྒྲགས་བྱས་པ་ཡིན། ཚང་མར་འདི་ཀྲུང་གོའི་ས་ཆ་ཡིན་པ་ཤེས་སུ་འཇུག་དགོས”ཞེས་བརྗོད།

    ནུབ་ཁའི་ཉི་ཟེར་གངས་རིར་འཕྲོས་པས་ལྟ་བས་མི་ངོམ་པའི་མཛེས་ལྗོངས་ཤིག་འདྲེན་བྱེད་ལམ་དུ་ངང་གིས་འཆར། མཐའ་སྲུང་བ་ཚོའི་ཉིན་གཅིག་གི་མཐའ་མཚམས་སྐོར་ཞིབ་ལས་འགན་མཇུག་འགྲིལ། ལྷག་པ་ཚེ་རིང་གིས་མུ་ལ་མུ་འབྲེལ་གྱི་རི་བོར་མཛུབ་མོ་འཛུགས་ཀྱིན“གངས་རི་དང་རི་གཤམ་གྱི་ས་ཆ་ནི་ང་ཚོས་བརྟན་སྲུང་བྱེད་པའི་ཁྱིམ་གཞིས་དང་རྒྱལ་ཁབ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།