དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ།

    ཁང་གསར་ནང་གི་དགོད་སྒྲ་སྙན་ལྷང་ལྷང་། མང་ཚོགས་འཚོ་བའི་སྐྱིད་སྣང་འཛུམ་ཤིག་ཤིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-22

    འདི་ནི་ད་ཆའི་གནས་བཞི་ཤང་གི་སྡོད་ཁང་གསར་པ་ཡིན་པ།

    འདི་ནི་གྲི་གུ་མུ་ཏིག་གྲོང་རྡལ་ཆུང་ངུའི་ཁང་པའི་ཕྱིའི་རྣམ་པ་ཡིན་པ།

    ས་བབ་སྨི་4500སར་གནས་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས“གཞི་རྩའི་བདེ་སྡོད”ནས“སྡོད་ཁང་སྤུས་ལེགས”བར་འགྱུར་ལྡོག་གཏིང་ཟབ་ཡོང་བར་བྱས་ནས་མ་ལག་ཅན་དང་མི་གཤིས་ཅན་གྱི་སྡོད་ཁང་ལས་གྲྭའི་རྣམ་གྲངས་རབ་དང་རིམ་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་འབྲོག་པའི་བདེ་སྡོད་ཀྱི་འདུན་པ་དེ་ས་མཐོའི་ཉི་འོད་འོག་སྐྱེ་བོ་ཀུན་གྱི་མཐོང་སྣང་དུ་མངོན་འགྱུར་འབྱུང་བཞིན་ཡོད།

    དམངས་འཚོ་ལེགས་སུ་ཕྱིན་ལ་སྲིད་ཇུས་ཀྱི་འདེགས་སྐྱོར་ཡང་ཐུབ་པ།

    “སྔོན་མ་དབྱར་ཁར་ཆར་ཐིགས་རྒྱག་པ་དང་། མཚན་མོར་ཆར་པ་ཆེན་པོ་འབབ་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་བྱེད་དགོས་ཀྱི་ཡོད”ཅེས་མཚོ་སྨད་རྫོང་སྒོ་བསྡུས་ཤང་འཕགས་ཚང་གྲོང་ཚོའི་རྒད་པོ་པད་མས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ་བཤད། ཁོང་གིས“ཆར་ཆུ་ཁང་པའི་ལྕམ་ཤིང་བརྒྱུད་ནས་གཏིགས་ཏེ། ནང་མི་ཚང་མ་མཚན་གུང་ལ་གཉིད་ཡང་སེ་སད་དེ། ས་མཐིལ་ལ་གཞོང་པ་དང་ཆུ་སྣོད་སྒྲིག་དགོས་ཀྱི་ཡོད”ཅེས་བཤད།

    འདས་དོན་ལ་ཕྱིར་དྲན་བྱེད་སྐབས། རང་བྱུང་གྱི་ཆ་རྐྱེན་ཞན་པ་དང་དཔལ་འབྱོར་གྱི་རྨང་གཞི་སྐྱོ་བའི་དབང་གིས་མཚོ་སྨད་རྫོང་གི་ཞིང་འབྲོག་པ་མི་ཉུང་བར་དུས་ཡུན་རིང་པོར་སྡོད་གནས་དཀོན་པའི་དཀའ་ངལ་འཕྲད་ཡོད། དམངས་འཚོ་ལེགས་སུ་ཕྱིན་ཡོད་ལ་སྲིད་ཇུས་ཀྱི་འདེགས་སྐྱོར་ཡང་ཐུབ་ཡོད། མཚོ་སྨད་རྫོང་གིས་ཞིང་འབྲོག་པའི་བདེ་སྡོད་འདུན་པ་དེ་དམངས་འཚོའི་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། ཞིང་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་གནད་སྨིན་ཐབས་འདོན་བྱས་ནས་ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ཡོད། རྫོང་ཡོངས་ཀྱི་ཞིང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་སྤྱི་འདོམས་འཆར་འགོད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་མ་དངུལ་ཁག་བསྡུ་སྒྲིལ་བྱས་ཏེ་རིགས་དབྱེ་ལག་བསྟར་དང་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།

    གནས་བཞི་ཤང་གནས་བཞི་གྲོང་ཚོར་སྡོད་མལ་ལ་འཚམ་པའི་ཞིང་པའི་ཁང་པ་སྒྱུར་བཀོད་རྣམ་གྲངས་ལ་ཞིང་པའི་ཁང་པ་གསར་པ་སྟར་པ་60བརྒྱབ་པ་དང་ཆབས་ཅིག ཨར་འདམ་ལམ་སྨི་ངོས་གྲུ་1889.36བསྐྲུན་པ་མ་ཟད། ཆུ་གློག་དང་ཁོར་ཡུག་འཕྲོད་བསྟེན་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོའང་བསྐྲུན་པར་ཁྱོན་མ་དངུལ་སྒོར་ཁྲི་2767བཏང་བ་རེད། རྫོང་གྲོང་གི་གཙོ་གནད་འབྱོར་འབྲིང་དཔེ་སྟོན་ཁུལ་ཡིན་པའི་གྲི་གུ་མུ་ཏིག་གྲོང་རྡལ་ཆུང་ངུར་མ་དངུལ་སྒོར་ཁྲི་2991བཏང་བ་དང་། གྲོང་རྡལ་ཆུང་ངུར་ཁང་པ་གྲལ་སྟར་འགྲིག་པ་དང་། ལམ་སྒྲོན་གསལ་བ། ཁྲོམ་གཞུང་གཙང་བ། ཆུ་གཤོང་ཐུབ་པ་བཅས་བྱས་པ་མ་ཟད། དུད་ཚང་ཚང་མའི་ཐོག་ཁར་རྒྱལ་དར་བཙུགས་ནས་དུས་བདེ་ལྷིང་འཇགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་མཐོའི་རྣམ་པ་གསར་པ་ཞིག་མངོན་པར་བྱས་ཡོད།

    སྤྱི་པའི་ཞབས་ཞུ་ཆ་ལག་ཚང་པོ་བྱུང་བ།

    བྲག་རྩ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་རྣམ་གྲངས་ནི་མཚོ་སྨད་རྫོང་གི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ཚབ་མཚོན་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་རེད། 2018ལོ་ནས་བཟུང་། བྲག་རྩ་གྲོང་ཚོའི་གནས་སྤོས་འཆར་གཞི་ལག་ལེན་བསྟར་ཏེ་སྔར་རི་ལྡེབས་སུ་འཚོ་བའི་དུད་ཚང་169ཡི་མི་གྲངས་788ཚང་མ་འགྲིམ་འགྲུལ་སྟབས་བདེ་ཞིང་སྒྲིག་ཆས་ཆ་ཚང་བའི་གྲོང་ཚོ་གསར་པར་བཀོད་སྒྲིག་བྱས་ཤིང་། དེ་དུས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དམིགས་ནས། མཚོ་སྨད་རྫོང་གིས་མ་དངུལ་གྱི་ཁ་གསབ་སྤྲད་པའི་རྨང་གཞིའི་ཐོག་དུད་ཚང་རེས་སྒོར་ཁྲི་1རང་གྲབས་བྱས་ན་ཁང་པ་གསར་པར་སྤོ་ཆོག་གི་ཡོད། བྲག་རྩ་གྲོང་ཚོ་གསར་པ་སྐྲུན་སྐབས་ཆུ་དང་། གློག ལམ། དྲ་རྒྱ། སློབ་གསོ། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུ་དུས་མཉམ་དུ་ཆ་ལག་ཚང་བར་བྱས་ཡོད།

    ད་ཆ་བྲག་རྩ་གྲོང་ཚོ་གསར་པར་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ཉམས་འགྱུར་དང་དེང་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་པའི་བདེ་སྡོད་ཁང་པ་སྟར་པ་མང་པོ་ཡིན་པ་དེ་དག་གི་བཀོད་པ་ལུགས་དང་མཐུན་ལ་ཁམས་གཙང་བས། ས་མཐོའི་གཡའ་དག་པའི་ནམ་མཁའ་དང་རབ་ཏུ་འཚེར་བའི་ཉི་འོད་འོག་དེ་བས་མཐོང་སྣང་དོད།

    སྡོད་སའི་ཆ་རྐྱེན་གཞི་རྩའི་ཆ་ནས་ལེགས་སུ་ཕྱིན་པ་དེས་དགུན་ཁའི་དྲོ་འཇམ་ཉི་འོད་བཞིན་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མཚོ་སྨད་མང་ཚོགས་ཀྱི་རེ་བར་འོད་སྣང་སྦྱིན་ཡོད།

    གྲི་གུ་གྲོང་རྡལ་བྲག་རྩ་སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་འཕྲིན་ལས་རིག་འཛིན་གྱི་མིག་ཟུང་ནས་རེ་བའི་འོད་མདངས་འཕྱུར་བཞིན་གསར་འགོད་པར། “ད་ལྟ་ལམ་བཟོས་ཟིན་པས། པཱ་ལགས་ཀྱིས་རླངས་འཁོར་བཏང་ནས་ང་རང་ས་ཆ་མང་པོར་ཁྲིད་གནང་གི་རེད། ང་རང་ལྷ་ས་སློབ་འབྲིང་དུ་འགྲོ་འདོད་འདུག ངས་སློབ་སྦྱོང་ཡག་པོ་བྱས་ནས་རྗེས་སུ་ཕ་ཡུལ་དུ་ལོག་སྟེ་བོད་ཡིག་དགེ་རྒན་ཞིག་བྱེད་བསམ་གྱི་འདུག”ཅེས་བཤད་བྱུང་།

    སྡོད་མལ་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།

    སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དེ་ནི་སྡོད་སའི་ཁང་པ་ཡོད་པ་ཙམ་མ་ཡིན་པར། སྡོད་མལ་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཞིང་། མཚོ་སྨད་རྫོང་གིས་སྡོད་ཁང་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལས་དོན་དུས་མཉམ་དུ་འཆར་འགོད་དང་ལག་ལེན་བསྟར་ནས་གྲོང་ཚོའི་རྣམ་པ་ཧྲིལ་པོ་ལེགས་སུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོར་རྒྱུན་མཐུད་བཅོས་སྒྲིག་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་ཉི་ནུས་ལམ་སྒྲོན་བརྒྱ་ཙམ་བསྒར་བ་དང་། རིགས་དབྱེའི་གད་སྙིགས་གཤོ་ས་བཙུགས་པ། ཁོར་ཡུག་སྲུང་སྐྱོང་གི་སྤྱི་པའི་གསང་སྤྱོད་དང་གཅིག་སྡུད་བཙོག་ཆུ་གཙང་གསིང་སྒྲིག་བཀོད་གསར་པ་བཙུགས་པ། ཚད་ལྡན་ཅན་གྱི་བ་ཚང་བརྒྱབ་ནས་མི་ཕྱུགས་ལོགས་དབྱེ་དངོས་སུ་བཟོས་པས། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དེར་བརྟེན། སྒྲུབ་སྡེ་གྲོང་ཚོ་འདི་ཉིད་2020ལོའི“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་སྐབས་དྲུག་པར”བདམས་ཡོད།

    གླེང་རིན་ཡོད་པ་ཞིག་ནི། སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་། མཚོ་སྨད་རྫོང་གིས་ས་བབ་མཐོ་བའི་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ནས་ཇུས་འགོད་ཀྱི་འདུ་ཤེས་གསར་གཏོད་བྱས་ཏེ། སྤྱོད་གོ་ཆོད་པ་དང་རྒྱུན་མཐུད་ཆོག་པ་འབུར་དུ་ཐོན་པར་བྱས་ཡོད། དེ་གོང་བྲག་རྩ་གྲོང་ཚོ་གསར་པའི་གནས་སྤོའི་རྣམ་གྲངས་ཇུས་འགོད་དུས་མཚམས་སུ་ཡུལ་དེའི་དགུན་དུས་རིང་བ་དང་ས་འོག་ཆུ་འགྲོར་འཁྱག་པ་ཐེབས་སླ་བའི་དཀའ་གནད་ལ་དམིགས་ནས། ཇུས་འགོད་ཚོགས་པས་ཞིང་འབྲོག་པའི་བསམ་འཆར་ཐེངས་མང་ཉན་རྗེས་ནམ་དུས་དྲོ་བའི་སྐབས་སུ་ཆུ་བཤལ་གཏོང་བའི་གསང་སྤྱོད་སྤྱོད་པ་དང་། གྲང་ངར་ཆེ་བའི་དུས་སུ་སྲོལ་རྒྱུན་གསང་སྤྱོད་སྤྱོད་པའི་ཇུས་གཞི་བཏོན་པ་རེད། སྟབས་བསྟུན་ཇུས་གཞི་འདིས་གཞི་རྩའི་འཕྲོད་བསྟེན་གྱི་ཆ་རྐྱེན་ལ་འགན་སྲུང་ཐུབ་ཡོད་ལ། སྒྲིག་བཀོད་ལ་འཁྱག་པ་མ་ཐེབས་པའང་བྱུང་ཞིང་། དེ་ཐོག་ནས་མི་རྩ་བར་འཛིན་པ་དང་ཡུལ་བབ་དང་བསྟུན་པའི་འཛུགས་སྐྲུན་གྱི་བློ་གྲོས་མཚོན་ཡོད།

    ད་ཆ་མཚོ་སྨད་རྫོང་གིས་གནད་སྨིན་ཇུས་བསྟར་དང་། དམངས་འདོད་ལ་བརྩི་འཇོག བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད། ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་པའི་བདེ་སྡོད་འདུན་པ་རིམ་བཞིན་འཆར་གཞི་ནས་དོན་དངོས་སུ་འགྱུར་བར་བྱས་ཡོད། སྡོད་ཁང་ཡག་པོས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་མ་ཟད། གྲོང་གསེབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད། གནས་འཕྲོད་ལས་འཚམ་གྱི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཕུགས་འདུན་གྱི་ལྗོན་བཟང་དེ་ཡངས་པའི་ས་གཞི་འདིར་རྩ་བ་ཚུགས་ནས་ལོ་འདབ་རྒྱས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།