ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས།
“སྲིད་ཇུས་དང་ཚན་རྩལ་ཟུང་འབྲེལ”གྱིས་འབྲོག་ཁུལ་གྱི་བདེ་སྡོད་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།
མཐོ་གྲང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འཕེལ་རྒྱས་ཀྱི་འགངས་ཆེའི་གནད་དོན་གཉིས་ལ་གཞིགས་ནས། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས“སྲིད་ཇུས་འགན་སྲུང་དང་ཚན་རྩལ་འགོག་སྲུང་ཟུང་འབྲེལ”བྱེད་པ་དེ་དམ་འཛིན་བྱ་གཞི་གཙོ་བོར་བཟུང་སྟེ། སྲིད་ཇུས་རང་བཞིན་གྱི་འབྲོག་ལས་འགན་བཅོལ་དང་ཚན་རྩལ་ལ་བརྟེན་ནས་དྲེད་མོང་འགོག་པའི་སྒྲིག་བཀོད་ཁྱབ་གདལ་བཏང་བ་བརྒྱུད། དྲོད་ཚད་དང་ཤུགས་ཚད་གཉིས་ཀ་ལྡན་པའི་འགོག་སྲུང་དྲ་རྒྱ་བཙུགས་ཡོད།
སྲིད་ཇུས་ཀྱི་འདེགས་སྐྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། ཨ་མདོ་རྫོང་གི་ཞིང་འབྲེལ་འགན་བཅོལ་དེ་གཙོ་བོ་འབྲི་གཡག་དང་བོད་ལུག་གི་ལྟེ་བའི་ཕྱུགས་རིགས་ཆེན་པོ་གཉིས་ལ་ཁྱབ་པ་དང་། འགན་བཅོལ་གྲོན་དངུལ་ཐད་རིམ་དབྱེའི་ནོར་སྲིད་ཁ་གསབ་ལག་བསྟར་བྱས་པ་སྟེ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་སྡེ་ཚན་གྱིས་40%སོ་སོར་འགན་ཁུར་བ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་སྡེ་ཚན་གྱིས་8%སོ་སོར་འགན་ཁུར་བ། འབྲོག་པ་རང་ཉིད་ཀྱིས་4%སྤྲད་པ་བཅས་རེད། ཕབ་རྩིས་བརྒྱབ་ན། འབྲོག་པས་འབྲི་གཡག་རེར་ལོ་རེར་འགན་བཅོལ་གྲོན་དངུལ་སྒོར་6འཇལ་དགོས་པ་དང་། བོད་ལུག་རེར་ལོ་རེར་འགན་བཅོལ་གྲོན་དངུལ་སྒོར་0.6འཇལ་དགོས་ཀྱི་ཡོད།
“ངས་ཁྱིམ་གྱི་འབྲི་གཡག་མགོ་གྲངས་90ལ་འགན་བཅོལ་ཉོས་པར། ལོ་གཅིག་ལ་ཁྱོན་འགན་བཅོལ་གྲོན་དངུལ་སྒོར་540སྤྲོད་དགོས་ཀྱི་འདུག ད་ལོ་འབྲི་གཡག་5ཤི་བར་ཉིན་བཞི་ཡང་མ་འགོར་བར་སྐྱིན་གསབ་དངུལ་སྒོར་ཁྲི་2.5རག་བྱུང་། འགན་བཅོལ་ནང་ཞུགས་པས། ང་ཚོའི་གྱོང་གུན་དངོས་གནས་ཆུང་དུ་ཕྱིན་སོང”ཞེས་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་ཐུག་ཧྲོམ་གྲོང་ཚོའི་འབྲོག་པ་བཀྲ་ཤིས་རྡོ་རྗེས་བཤད། ཀྲུང་གོ་མི་དམངས་འགན་བཅོལ་རྒྱུ་ནོར་འགན་བཅོལ་ནག་ཆུ་ཡན་ལག་ཀུང་སིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོ་ཚུན། ས་གནས་དེ་གའི་སྲིད་ཇུས་རང་བཞིན་གྱི་འབྲོག་ལས་འགན་བཅོལ་གྱིས་རིམ་རྩིས་བརྒྱབ་ན་སྐྱིན་གསབ་སྒོར་ཁྲི་4900ཙམ་སྤྲད་དེ། གནོད་འཚེ་ཕོག་པའི་འབྲོག་པར་ཐོན་སྐྱེད་སླར་གསོ་བྱེད་རོགས་ནུས་ལྡན་བྱས་པ་རེད།
ཚན་རྩལ་གྱི་འགོག་སྲུང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཅིང་། ཨ་མདོ་རྫོང་གིས་ས་ཁོངས་ཁག་གཅིག་ཏུ་དྲེད་མོང་གིས་མི་ཕྱུགས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་དམིགས་ནས། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་སྟེ། འབྲོག་རར་ཆེད་སྤྱོད་གློག་རྡུལ་ར་སྐོར་ཆ་ཚང་1715དང་སྨི་3000ལྷག་ཙམ་གྱི་དྲ་ཡོད་ར་སྐོར་བརྒྱབ་པར་མང་ཚོགས་དུད་ཚང་1790ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།