ཡུལ་སྐད་ལམ་ནས་དམངས་ཀྱི་རྩོད་གཞི་བསལ། ཡུལ་མིའི་བརྩེ་སེམས་དྲངས་ནས་འགལ་བ་བསལ།
—— ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པས་ཁྲིམས་འཛིན་ཞབས་ཞུ་འབྲོག་ཁུལ་དུ་སྤེལ་བ།

འདི་ནི་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་བསོད་ནམས་དབང་ལྡན(གཡས་ཀྱི་གཉིས་པ)གྱིས་ཤང་དང་གྲོང་རྡལ་གྱི་འབྲོག་རར་བསྐྱོད་དེ་གཉེན་སྒྲིག་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།
ཡངས་པའི་བྱང་རྩྭ་ཐང་དུ་ལོ་འཁོར་མོ་རྩྭ་ཐང་འབྲོག་ར་དང་། ཁྲོམ་གཞུང་སྲང་ལམ་དུ་བསྐྱོད་དེ་ཆེད་ལས་ཀྱི་གཞི་རིམ་ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་འབྲོག་པ་མང་ཚོགས་ཚོས་གོ་བདེ་བའི་སྐད་ཆར་བརྟེན་ནས་རྩོད་གཞི་དང་རྙོག་དྲ་སེལ་རོགས་བྱེད་མཁན་ཚོགས་པ་ཞིག་རེད། ཁོང་ཚོ་ནི་ནག་ཆུ་གྲོང་ཁྱེར་རིམ་ཁག་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་རེད། ཁོང་ཚོས་གཞི་རིམ་དུ་རྩ་བ་ཚུགས་ཤིང་འབྲོག་ཁུལ་གྱི་ཕྱོགས་གང་སར་བསྐྱོད་ཀྱི་ཡོད་ལ། དེ་བས་ཁྲིམས་འཛིན་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུར་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ནག་ཆུ་ཁྲིམས་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གསར་གཏོད་དང་འཕེལ་རྒྱས་བཏང་ནས་སྲོལ་རྒྱུན་གྱི་འདུམ་འགྲིག་བྱེད་སྟངས་དང་དེང་རབས་ཀྱི་ཁྲིམས་འཛིན་ལག་ལེན་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་དམིགས་བསལ་གདན་ཞུས་འདུམ་འགྲིག་ལས་དོན་དེ་གྱོད་དོན་ཐོ་འགོད་དང་། འདྲི་གཅོད། ལག་བསྟར། ཁྲིམས་ལུགས་ཁྱབ་གདལ། གོང་འབུལ་སོགས་ཀྱི་ལྷུ་ཚིགས་ཁག་ནང་བཅུག་སྟེ་གཞི་རིམ་དུ་གཞི་ཚུགས་པ་དང་ཤང་གི་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད། དེའི་ཁྲོད་ནས་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་བསོད་ནམས་དབང་ལྡན་གྱིས་གྱོད་གཞི་ཁག་305འདུམ་འགྲིག་བྱས་པ་དང་། གྱོད་གཞི་ཁག་279འདུམ་འགྲིག་བདེ་བླག་ཐུབ་སྟེ་འདུམ་འགྲིག་ཐུབ་ཚད་91.5%ཟིན་ཡོད། དཔལ་མགོན་རྫོང་མི་དམངས་ཁྲིམས་ཁང་གི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་སྐར་མ་བསོད་ནམས་ཀྱིས་གྱོད་གཞི་ཁག་156འདུམ་འགྲིག་བྱས་པ་དང་། གྱོད་གཞི་ཁག་151འདུམ་འགྲིག་བདེ་བླག་ཐུབ་སྟེ་འདུམ་འགྲིག་ཐུབ་ཚད་96.8%ཟིན་ཡོད།
བསོད་ནམས་དབང་ལྡན་གྱིས་ཡུན་རིང་འདུམ་འགྲིག་གི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ་ཁྱིམ་ཚང་གི་རྩོད་གཞི་དང་། གྲོང་པ་ཁྱིམ་མཚེས་ཀྱི་འགལ་བ། དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་སོགས་ཐོན་མང་བའི་གནད་དོན་ཐག་གཅོད་བྱེད་པར་རྩེ་གཅིག་ཏུ་གཞོལ་གྱི་ཡོད། ཁོང་གིས་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་ལས་ཀ་སྒྲུབ་མཁས་པོ་བྱས་ཏེ་མངོན་མེད་ཉེན་ཁ་གྲལ་བཤེར་གནད་སྨིན་དང་སེལ་ཐབས་བྱེད་ཀྱི་ཡོད།
དམིགས་བསལ་གདན་ཞུས་འདུམ་འགྲིག་པའི་ལས་ཀ་དེ་གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་ཙམ་མ་ཟད། ད་དུང་ལག་བསྟར་གྱི་སྔོན་འགྲོ་བར་དུ་སྣུར་སྲིང་བྱས་ཏེ་འབྱུང་རྩ་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་དགོས་ཀྱི་ཡོད། དེས་མ་ཚད་ཁྲིམས་སྐྱོང་གི་སྙིང་སྟོབས་ཁྱབ་སྤེལ་ཧུར་ཐག་གཏོང་མཁན་ཞིག་ཀྱང་ཡིན་ཞིང་། ཁོང་ཚོས་གོ་དཀའ་བའི་ཁྲིམས་ལུགས་དོན་ཚན་དེ་དག་གོ་བདེ་བའི་སྐད་ཆ་ནས་ཉེ་འཁོར་གྱི་འདུམ་འགྲིག་གྱོད་དཔེ་དངོས་དྲངས་པ་དང་གྱོད་དཔེར་བརྟེན་ནས་ཁྲིམས་ལུགས་གླེང་སྟེ་གཉེན་སྒྲིག་ཁྱིམ་ཚང་དང་དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་སོགས་སྐོར་གྱི་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་བརྒྱབ་ནས། ཁྲིམས་སྐྱོང་གི་འདུ་ཤེས་དེ་ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་དང་འདྲ་བར་རྩྭ་ཐང་གི་གང་སར་སླེབས་པ་དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཡོད།
འབྲོག་ཁུལ་གྱི་ས་རྒྱ་ཆེ་བས་ཁྲིམས་ལུགས་ཁྱབ་གདལ་དཀའ་བའི་དོན་དངོས་ལ་དམིགས་ཏེ། དམིགས་བསལ་གདན་ཞུས་པ་ཚོས་ད་དུང་རང་འགུལ་ངང་ཁྲིམས་ཁང་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་རོགས་བྱེད་ཀྱི་ཡོད། ཡུལ་དེའི་ས་ཁམས་ཁོར་ཡུག་དང་ཡུལ་བབ་དམངས་འདུན་ལ་རྒྱུས་མངའ་ཟབ་མོ་ཡོད་པས་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ཏེ་གཏུག་བཤེར་བརྒྱུད་རིམ་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་ནས་ཁྲིམས་འཛིན་ཞབས་ཞུའི་མཐའ་མའི་འགག་གནད་གནད་སྨིན་བསལ་ཡོད།
བསོད་ནམས་དབང་ལྡན་དང་སྐར་མ་བསོད་ནམས་ལྟ་བུའི་དམིགས་བསལ་གདན་ཞུས་འདུམ་འགྲིག་པ་ཚོས་གནས་ཚུལ་ཙག་ཙིག་ཚང་མ་ངང་རྒྱུད་རིང་པོས་འདུམ་འགྲིག་དང་། ཁྲིམས་ལུགས་ཐད་ཀྱི་དོགས་གཞིར་གསལ་འགྲེལ་གཏིང་ཟབ་བརྒྱབ་སྟེ་ཁྲིམས་སྐྱོང་གི་འོད་ཟེར་བདེ་སྐྱིད་ལྡན་པའི་འཚོ་བར་འཕྲོས་པར་བྱས་པས། མང་ཚོགས་ཀྱིས་བློས་འགེལ་སའི་གཉེན་ཉེར་ལྟ་བུར་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།