2025ལོའི་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.17ལྷག་ཙམ་སྤྲད་པ།
“དམིགས་པ་ལྔ”ལ་བརྟེན་ནས་དམངས་འཚོའི་ཐ་སྐྱོང་འགན་སྲུང་དྲ་བ་ཚགས་དམ་དུ་བཏང་བ།
2025ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས“དམིགས་པ་ལྔ”དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་བྱ་རྒྱུ“གཞན་སྐུལ་དང་ལེན”ནས“རང་འགུལ་ཤེས་རྟོགས”བྱེད་པའི་བར་དང་། “འགན་ལེན་རྐྱང་པ”ནས“ཕྱོགས་བསྡུས་རོགས་སྐྱོབ”བྱེད་པའི་བར། “སྲོལ་རྒྱུན་ཞབས་ཞུ”ནས“རིག་ལྡན་གྱིས་མཐུན་རྐྱེན་སྦྱོར་བའི”བར་བཅས་ཀྱི་ཕྱོགས་སྒྱུར་ཆེན་པོ་གསུམ་ལ་སྐུལ་འདེད་བཏང་བ་དང་། གནད་སྨིན་ཇུས་བསྟར་ལ་བརྟེན་ནས་དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་པ། སྙིང་ཉེ་བའི་ཞབས་འདེགས་ཞུས་ཏེ་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ཡོད། མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་སུ་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པ། དྭ་ཕྲུག་སོགས་ཐ་སྐྱོང་བྱ་ཡུལ་མི་གྲངས་15025ལ་འགན་ལེན་བྱས་པ་དང་། རིམ་རྩིས་བརྒྱབ་ན་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.17ལྷག་ཙམ་སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མར་དྲོ་སྐྱིད་ཚོར་ཐུབ་པའི་འགན་ལེན་བྱས་ཡོད།
① གནད་སྨིན་རོགས་སྐྱོར་ལ་དམིགས་པ། ——དམིགས་འབེན་ཇུས་འདོན་གྱིས་དམངས་སེམས་དྲོ་བར་བྱས་པ།
“ཕྲུ་གུའི་སློབ་ཡོན་ཐག་གཅོད་ཐུབ་སོང་བས་སྲིད་གཞུང་གིས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ལྷ་སའི་གྲོང་མི་བཀྲ་ཆེ་གེ་མོས་རང་ཉིད་གཅིག་པུས་བུ་ཕྲུག་གཉིས་གསོ་སྐྱོང་བྱས་ཏེ་བུ་མཐོ་རིམ་སློབ་འབྲིང་འགྲིམས་པ་དང་བུ་མོ་རྒན་པ་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་སློབ་ཡོན་མཐོ་པོ་སྤྲོད་དགོས་སྟབས་དཔལ་འབྱོར་འཁོས་ཀ་ཞན་པའི་ཁྱིམ་ཚང་དེར་དེ་བས་དཀའ་ངལ་ཆེན་པོ་འཕྲད། སྡེ་ཁུལ་གྱི་དྲ་མིག་པས་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་བྱེད་སྐབས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་ནང་འཇུག་རྒྱུར་གཞོགས་འདེགས་བྱས་པ་དང་ཆབས་ཅིག་སློབ་གསོའི་སྡེ་ཚན་གྱིས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སློབ་མཐར་མ་ཕྱིན་བར་དུ་ཟླ་རེར་ཕྲུ་གུ་གཉིས་ལ་འཚོ་བའི་གྲོན་དངུལ་སྒོར་800སྤྲོད་བཞིན་ཡོད་པ་རེད།
དེ་ནི་ལྷ་ས་གྲོང་ཁྱེར་གྱིས་གནད་སྨིན་རོགས་སྐྱོར་བྱས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཅེས་སྐྱོང་རོགས་སྐྱོར་བྱ་རྒྱུ་དེ་གྲོང་ཨུད་ཀྱི་བྱ་སྤྱོད་ཁག་བརྒྱད་ནང་བཅུག་ནས་ཆེད་དོན་ཇུས་གཞི་བཏོན་པ་དང་བྱ་ཐབས་ཁག་14ཁ་གསལ་བཟོས་ནས་ཏང་ཨུད་ཀྱིས་གཅིག་འདོམས་དང་། སྲིད་གཞུང་གིས་གཙོ་ཁྲིད། དམངས་སྲིད་ཀྱིས་སྣེ་ཁྲིད། ཕྱོགས་མང་ཞུགས་པ་བཅས་ཀྱི་རོགས་སྐྱོར་ལས་དོན་གྱི་བཀོད་པ་ཞིག་བཏོད་ཡོད། རོགས་སྐྱོར་གནད་སྨིན་དང་ཕན་འབྲས་ཆེ་བའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས“གྲངས་གཞི་ཆེ་མོ་དང་མང་ཚོགས་ཁྲོད་ལ་སྐྱོད་པའི”ལས་ཀའི་རྣམ་པ་གསར་གཏོད་བྱས་པ་དང་། དྲ་ཐོག་ནས“དཀའ་ངལ་ཡོད་པའི་མི་སྣ་རིགས་བཅུའི་ཆ་འཕྲིན་འཚོལ་བསྡུའི”མ་ལག་གསར་སྤེལ་བྱས་པ། དྲ་ཕྱི་ནས“སྤྱི་ཚོགས་རོགས་སྐྱོབ་གཉེར་སྒྲུབ་མི་སྣ་དང་། གྲོང་ཚོའི་ལས་བྱེད་པ། དྲ་མིག་པ”བཅས་དུད་ཚང་དུ་འཚམས་འདྲིར་སྐྱོད་པའི་ལམ་སྲོལ་ཁྱབ་གདལ་བཏང་བ། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དཀའ་ངལ་ཡོད་པའི་རྒན་རྒོན་སོགས་རིགས་བཅུའི་ཚོགས་སྤྱིར་ལེབ་བཤེར་རྣམ་པའི་མཐིལ་རྟོགས་གྲལ་བཤེར་བྱས་པ། རིམ་རྩིས་བརྒྱབ་ན་མི་34199ལ་གྲལ་བཤེར་བྱས་པ་བཅས་རེད། དེའི་རྨང་གཞིའི་ཐོག་དུད་ཚང་རེ་རེ་བཞིན་དབུལ་པོའི་རྐྱེན་རྩར་དབྱེ་ཞིབ་བྱས་པ་དང་། “མི་རེར་སྲིད་ཇུས་རེ་དང་། དུད་ཚང་རེར་ཐོ་འགོད་རེའི”རོགས་སྐྱོར་འཆར་གཞི་བཟོས་པ། དམངས་སྲིད་དང་། སློབ་གསོ། སྨན་བཅོས་སོགས་སྡེ་ཚན་10དང་མཉམ་འགུལ་བྱས་ནས་ཆེད་དོན་རོགས་སྐྱོབ་བྱས་པ་དང་འབྲེལ། འགོ་ཁྲིད་ལས་བྱེད་པའི་འགན་གཙང་འགན་ལེན་གྱི་འབྲེལ་གཏུག་དང་དྲ་མིག་པས་དུས་བཀག་ལྟར་འཚམས་འདྲི་བྱེད་པའི་ལམ་ལུགས་བཙུགས་ནས་བརྒྱུད་རིམ་ཧྲིལ་པོར་རོགས་སྐྱོར་གྱི་ཕན་འབྲས་མཇུག་འདེད་བྱས་ཡོད།
ད་ཆ་ལྷ་ས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐ་སྐྱོང་འགན་ལེན་ཐད“འགན་ལེན་བྱེད་དགོས་རིགས་མཐའ་དག་འགན་ལེན་བྱེད་པ་དང་རོགས་སྐྱོབ་བྱེད་དགོས་རིགས་མཐའ་དག་ལ་རོགས་སྐྱོབ་ཐུབ་པའི་འགན་ལེན་བྱེད་པ”མངོན་འགྱུར་བྱུང་ནས། སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་དང་གཟུགས་པོར་བརྟག་དཔྱད་བྱེད་ཚད་95%ལྷག་ཙམ་ཟིན་པ། དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་2495ལ་སློབ་གསོའི་ཁ་གསབ་རོགས་དངུལ་སྒོར་ཁྲི་1478སྤྲད་ནས་ཁྱིམ་ཚང་དབུལ་པོའི་སློབ་མའི་སློབ་གྲྭར་འགྲོ་བའི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་26ལྷག་ཙམ་ལ་སྤྱི་ཚོགས་ལས་དོན་ཞབས་ཞུ་སྤེལ་ནས་ཆེད་ལས་ཞབས་ཞུས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱས་པ་བཅས་རེད།
② ལམ་ལུགས་འཛུགས་པར་དམིགས་པ། ——རིམ་དབྱེའི་འགན་སྲུང་དྲ་བ་ཚགས་དམ་དུ་བཏང་བ།
རོགས་སྐྱོབ་སྲིད་ཇུས་དེ་བས་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་རིགས་དབྱེའི་རོགས་སྐྱོབ་ཡོངས་ཁྱབ་ཐུབ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། འགན་ལེན་གྱི་ཁྱབ་ཁོངས་ཐད། གྲོང་ཁྱེར་དེས་ལྗོངས་ཡོངས་ཀྱི་སྔོན་ལ་གསར་དུ་བཟོ་བཅོས་བརྒྱབ་པའི《ལྷ་ས་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ལག་བསྟར་ཞིབ་སྲོལ》དོན་འཁྱོལ་བྱས་ཏེ“དུད་ཚང་ལ་གཞིགས་ནས་འགན་ལེན་དང་མིར་གཞིགས་ནས་འགན་ལེན་བྱེད་པ་ཟུང་འབྲེལ་བྱེད་པའི”འགན་ལེན་བྱེད་སྟངས་ལག་བསྟར་བྱས་ནས་ཚབས་ཆེའི་དབང་པོ་སྐྱོན་ཅན་དང་ནད་གཞི་ལྕི་པོ་ཕོག་མཁན་སོགས་དམིགས་བསལ་ཚོགས་སྤྱི་འགན་ལེན་ཁྱབ་ཁོངས་ནང་བཅུག་པ་དང་། “ཡོང་འབབ་དང་གཏོང་སྒོའི”ཕྱོགས་བསྡུས་དཔྱད་དཔོག་བྱེད་ཐབས་གསར་གཏོད་ངང་སྤྱད་དེ་ནད་གཞི་དང་། དབང་པོ་སྐྱོན་ཅན། སློབ་སྦྱོང་བཅས་ཀྱིས་རྐྱེན་པས་འཚོ་བར་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཡོང་འབབ་དང་རྒྱུ་ནོར་འོས་འཚམ་ངང་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་འབྲེལ། ལས་ཞུགས་ཐུབ་མ་ཐག་པའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ལ་ཟླ་3ནས་6བར་བར་བརྒལ་དུས་བཀག་བཟོས་པ་རེད།
དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་གྲོང་གསེབ་དང་། སློབ་གསོ། སྨན་བཅོས་འགན་བཅོལ་སོགས་སྡེ་ཚན་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གྲངས་གཞི་མཉམ་སྤྱོད་དང་སྲིད་ཇུས་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་ཆེད་དོན་རོགས་སྐྱོབ་ཕྱོགས་གཉིས་ཀར་བརྒྱུད་སྒྲུབ་ཐུབ་པ་བྱས་ཏེ་རོགས་སྐྱོབ་ཆད་ལུས་ཤོར་བ་གཏན་འགོག་བྱེད་ཐུབ་ལ་རོགས་སྐྱོབ་བསྐྱར་ཟློས་མི་ཡོང་བའང་བྱེད་ཐུབ་ཡོད། མིག་སྔའི་བར། སྡེ་ཚན་ཁག་གིས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་6111ལ་ཆ་འཕྲིན་མཉམ་སྤྱོད་བྱས་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་མངགས་བཅོལ་ཐེངས་16736བདག་སྤྲོད་བྱས་པ། ཞིབ་བསྡུར་བྱེད་ཚད་100%ཟིན་པ་བཅས་བྱུང་ནས་རོགས་སྐྱོབ་ཐོན་ཁུངས་གནད་སྨིན་དང་ནུས་ཆེའི་ངང་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།
③ གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བར་དམིགས་པ། ——སྣ་མང་ཞབས་ཞུ་སྤུས་འབྲས་ལེགས་གཉེར་བྱུང་བ།
2025ལོའི་ཟླ་3ཚེས་26ཉིན་ལྷ་ས་གྲོང་ཁྱེར་གྱི་དྲ་ཐོག་རོགས་སྐྱོབ་རེ་ཞུའི་ཐབས་ལམ་གྱི་ཚོད་ལྟའི་ས་ཚིགས་དང་པོ--“ལྷ་སས་ཀུན་སྒྲུབ”ཀྱི་གནས་སྐབས་རོགས་སྐྱོབ་རེ་ཞུའི་ནུས་པ་ལྷུན་གྲུབ་རྫོང་དུ་དངོས་སུ་ལག་བསྟར་ཐུབ་ནས་རོགས་སྐྱོབ་རེ་ཞུ“སྦར་མཐིལ་དུ་སྒྲུབ་ཐུབ་པ”དང“དྲ་ཐོག་ནས་སྒྲུབ་ཐུབ་པ”མངོན་འགྱུར་བྱུང་ནས་གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་ཉུང་དུ་བཏང་ཡོད།
ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་དགོས་མཁོ་སྣ་མང་ལ་དམ་པོར་དམིགས་ནས་རོགས་སྐྱོབ་བྱེད་སྟངས་གསར་གཏོད་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་དེ་དངོས་པོའི་རོགས་སྐྱོབ་རྐྱང་པ་ནས“དངོས་པོ་དང་། ཞབས་ཞུ། རིག་ལྡན”བཅས་ཟུང་དུ་འབྲེལ་བའི་སྣ་མང་རོགས་སྐྱོབ་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད། དངོས་པོའི་འགན་ལེན་ཐད། རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.17ལྷག་ཙམ་སྤྲད་དེ་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་རིགས་དགུའི་ཚོགས་སྤྱིའི་འགན་ལེན་ཚད་གཞི་མཐོ་རུ་བརྟན་པོ་བཏང་བ་དང་། ཞབས་ཞུའི་མཁོ་སྤྲོད་ཐད། སྤྱི་ཕན་མ་དངུལ་སྒོར་ཁྲི་883བརྩོན་ལེན་བྱས་ཏེ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་བརྒྱུད་ཤང་དང་གྲོང་རྡལ(ཁྲོམ་གཞུང)70དང་གྲོང་ཚོ(གྲོང་ལྷན)316གི་དཀའ་ངལ་ཡོད་པའི་རྒན་རྒོན་དང་དཀའ་ངལ་ཡོད་པའི་བྱིས་པ་མི་ཐེངས་ཁྲི་13ལ་ལྟ་སྐྱོང་དང་གཅེས་སྐྱོང་གི་ཞབས་འདེགས་ཞུས་ནས“རྒན་གཅིག་གཞོན་གཅིག”ལ་ལྟ་སྐྱོང་བྱེད་པའི་དཀའ་གནད་ནུས་ལྡན་ངང་བསལ་བ། རིག་ལྡན་གྱིས་མཐུན་རྐྱེན་སྦྱོར་བའི་ཐད། ནུས་ཤུགས་ཡོད་རྒུས་རིག་ལྡན་རོགས་སྐྱོབ་ལས་སྟེགས་བཏོད་དེ་རོགས་སྐྱོབ་རེ་ཞུ་དང་ལས་སྒོ་གཉེར་བའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་བསྒྲུབས་ཏེ་ལས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་བ་བཅས་རེད།
④ ཞབས་ཞུ་ལེགས་སུ་གཏོང་བར་དམིགས་པ། ——དམངས་འཚོའི་འགན་སྲུང་ནུས་པ་ཆེ་རུ་བཏང་བ།
གྲངས་འཛིན་གྱིས་མཐུན་རྐྱེན་སྦྱར་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་རིམ་པ་འཕར་བར་སྐུལ་འདེད་བཏང་ཞིང་། ལྷ་ས་གྲོང་ཁྱེར་གྱིས་རིག་ལྡན་རོགས་སྐྱོབ་ལས་སྟེགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆ་འཕྲིན་དྲ་ཐོག་ནས་འཚོལ་བསྡུ་དང་རོགས་སྐྱོབ་ལས་སྒོ་དྲ་ཐོག་ནས་སྒྲུབ་ཐུབ་པ་བྱས་ཏེ། གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་ཉུང་དུ་བཏང་ཡོད། མ་དངུལ་སྒོར་ཁྲི་482བཏང་ནས་རྒན་གསོའི་སྒྲིག་གཞི་10དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་15རིམ་སྤོར་སྒྱུར་བཀོད་དང་། རིག་ནུས་ལྡིར་སོ་སྤྲོས་ཆས་བསྒར་ནས་ཆུ་ཚོད་24ཡི་རིང་ཉེན་ཁར་ལྟ་སྡོམ་བྱས་ཏེ། རིམ་རྩིས་བརྒྱབ་ན་བདེ་འཇགས་ཉེན་བརྡ་ཐེངས་19994ཐག་གཅོད་བྱས་ནས་རྒན་རྒོན་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།
གཞི་རིམ་གྱི་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཞིང་། “ཚུར་གདན་དྲངས་ནས་སློབ་ཁྲིད་དང་ཕྱིར་སློབ་སྦྱོང་བྱེད་པར་སྐྱོད་པ”དང“དམངས་སྲིད་ལས་སྒོའི་སློབ་ཁང་ཆེ་མོ”སོགས་ཀྱི་བྱ་ཐབས་བརྒྱུད་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་ཐེངས་5གཉེར་ཏེ། གཞི་རིམ་གྱི་སྒྲུབ་གཉེར་མི་སྣའི་ཞབས་ཞུའི་ནུས་པ་ལེགས་སུ་ཏན་ཏིག་བཏང་ནས་མང་ཚོགས་ལ་དེ་བས་བྱང་ཆུབ་པའི་རོགས་སྐྱོབ་ཞབས་འདེགས་ཞུས་ཡོད། སྲིད་ཇུས་དྲིལ་བསྒྲགས་ཁྱོན་ཡོངས་ལ་ཁྱབ་ཅིང་། འབྲེལ་ཡོད་སྲིད་ཇུས་དང་ཟུང་འབྲེལ་གྱིས“ཁྱིམ་ཚང་ཁྲི་སྟོང་མང་པོར་དམངས་སྲིད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་སྤེལ་ནས། ཕྱོགས་ཡོངས་ཀྱི་སྒྲོག་འགྲེལ་དྲ་རྒྱ་འཛུགས་པ་དང་། གཅིག་སྡུད་སྒྲོག་འགྲེལ་ཐེངས་287སྒྲིག་འཛུགས་བྱས་པ། དྲིལ་བསྒྲགས་དཔྱད་ཡིག་ཁྲི་3.4ལྷག་ཙམ་སྤྲད་པ། ཞིང་ནང་མུ་ཁ་དང་དུད་ཚང་ཁྲི་སྟོང་མང་པོར་མ་མཐའི་འཚོ་བའི་འགན་སྲུང་དང་སློབ་གསོའི་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བཅས་བྱས་ཏེ། མང་ཚོགས་ལ་སྲིད་ཇུས་ཡོངས་སུ་ཤེས་པ་དང་ཕན་བདེ་ལོངས་སྤྱོད་ཐུབ་པར་བྱས་ཡོད།
⑤ ཀུན་གསལ་རོགས་སྐྱོབ་ལ་དམིགས་པ། ——དྲང་གཞག་དྲང་བདེན་བསྲུངས་བ།
རོགས་སྐྱོབ་སྲིད་ཇུས་དྲང་གཞག་དྲང་བདེན་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཀུན་གསལ་རོགས་སྐྱོབ་དང་སྤྱོད་གཙང་རོགས་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆེད་དོན་བཅོས་སྒྲིག་ཇུས་གཞི་བཟོས་པ་དང་། ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། ནོར་སྲིད་དང་སྒྲིག་བཤེར་སོགས་ཀྱི་སྡེ་ཚན་དང་མཉམ་དུ་ཆེད་དོན་ཞིབ་བཤེར་བྱས་ཏེ། ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱ་ཐབས་ཡོངས་བསྒྲགས་བྱས་ནས་རོགས་སྐྱོབ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཡོད། མིག་སྔའི་བར། ཆ་རྐྱེན་དང་མི་མཐུན་པའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་གྲངས་1009ཕྱིར་འཐེན་བྱས་པ་དང་། རོགས་སྐྱོབ་ཡིག་ཚགས་ཁག་4493འཐུས་སྒོ་ཚང་དུ་བཏང་བ། ལྟ་སྐྱོང་གྲོས་མཐུན་ཁག་619བཞག་པ། མང་ཚོགས་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཐེངས་582ཉན་ནས་མང་ཚོགས་ཀྱི་རེ་ཞུར་དུས་ཐོག་ཏུ་ཨ་ལན་སློག་པ་བཅས་རེད།
ལྷ་ས་གྲོང་ཁྱེར་གྱིས“དམིགས་པ་ལྔ”ལ་བརྟེན་ནས་གནད་སྨིན་ཇུས་འདོན་བྱས་ཏེ། གངས་ལྗོངས་ས་མཐོར་དམངས་འཚོ་འགན་སྲུང་གི་མི་སེམས་དྲོ་བའི་རྒྱུགས་ལན་རེ་རེ་བཞིན་ཕུལ་ཡོད། ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་རོགས་སྐྱོབ་སྒྱུར་བཅོས་མུ་མཐུད་བྱེད་ཟབ་ཏུ་བཏང་ནས་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། འགན་སྲུང་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམངས་འཚོ་འགན་སྲུང་གི་མཐའ་ཚད་དེ་བས་བརྟན་དུ་གཏོང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།