ཀྲུང་གུང་ཀྲུང་དབྱང་གིས་གློག་འཕྲིན་བཏང་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པར་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་19ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གློག་འཕྲིན་བཏང་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད། རྟེན་འབྲེལ་གློག་འཕྲིན་ནང་འཁོད་དོན།
ཁྲའོ་ཞན་ངལ་རྩོལ་ཏང་ནི་ཁྲའོ་ཞན་གྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་རེད། དུས་ཡུན་རིང་པོའི་ནང་ཁྲའོ་ཞན་ངལ་རྩོལ་ཏང་གིས་ཁྲའོ་ཞན་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་བརྩོན་ལྷོད་མེད་བྱས་པར་ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྲའོ་ཞན་ངལ་རྩོལ་ཏང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལམ་ཕྱོགས་ཆེན་པོ་ལྔ་ལག་ལེན་བསྟར་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་པར་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་མཐོང་སྐབས་ཀྲུང་གོ་ཕྱོགས་སེམས་གཏིང་ནས་དགའ་པོ་བྱུང་།
ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ནི་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། དེས་འབྱུང་འགྱུར་དུས་སྐབས་ཤིག་རིང་ཁྲའོ་ཞན་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འཐབ་ཇུས་འཆར་འགོད་དང་བཀོད་སྒྲིག་བྱེད་པའི་ངོས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་གྱིས་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ཁྲོད་དུ་ཁྲའོ་ཞན་མི་དམངས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་པོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། ཉེ་བའི་ལོ་ཤས་རིང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྲའོ་ཞན་ངལ་རྩོལ་ཏང་དང་མཛའ་གྲོགས་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སླད་ཕྱིན་ཁྲའོ་ཞན་ངལ་རྩོལ་ཏང་དང་འབྲེལ་གཏུག་དང་འགྲོ་འོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་བར་ཐུན་མོང་ཐོག་སྣེ་ཁྲིད་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་བརྟན་ཁྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་དང་ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།