དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་ལྗོངས་ཀྱིས་གཞི་རྩའི་དམངས་འཚོ་འགན་ལེན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱས་པ།

    2025ལོར་དམངས་འཚོའི་ཞབས་ཞུའི་རིགས་ཀྱི་རྣམ་གྲངས་ཁག་204ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-20

    2025ལོར་རང་ལྗོངས་ཀྱིས་དམངས་འཚོའི་བྱ་བ་དངོས་ཁག“28+10”དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་སོགས་དམངས་འཚོ་འགན་ལེན་གྱི་ཚད་གཞི་ཁག་7མཐོ་རུ་བཏང་ཞིང་། རིམ་རྩིས་བརྒྱབ་ན། གཞི་རྩའི་དམངས་འཚོ་འགན་ལེན་གྱི་མ་དངུལ་སྒོར་དུང་ཕྱུར་11.94བཏང་ནས་མི་ཐེངས་ཁྲི་30ལྷག་ཙམ་ལ་རོགས་སྐྱོབ་དང་། མ་དངུལ་སྒོར་དུང་ཕྱུར་4.2བཏང་ནས་དམངས་འཚོའི་ཞབས་ཞུའི་རིགས་ཀྱི་རྣམ་གྲངས་ཁག་204ལག་ལེན་བསྟར་ནས་གཞི་རྩའི་དམངས་འཚོ་འགན་ལེན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་མུ་མཐུད་དོན་འཁྱོལ་ཞིབ་ཚགས་བྱས་ཡོད།

    དམངས་སྲིད་ཁྱབ་ཁོངས་ཀྱི་ཞབས་ཞུའི་ནུས་པ་ལེགས་སུ་བཏང་ཞིང་། ལྗོངས་ཡོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80ཡི་ནད་སྐྱོང་ཉལ་ཁྲིས་བསྡུར་གྲངས་བཟུང་ཚད་59%ཟིན་པ་དང་། གྲོང་གསེབ་ཀྱི་རྒན་གསོ་ཁང་195དང་སྡེ་ཁུལ་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་65བསྐྲུན་ནས་ལས་གཉེར་བྱེད་འགོ་ཚུགས་པར་རིམ་རྩིས་བརྒྱབ་ན་རྒན་རྒོན་མི་ཐེངས་ཁྲི་120ལྷག་ཙམ་ལ་འཚོ་བའི་ལྟ་རྟོག་དང་རིག་གནས་རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུས་པ་མ་ཟད། མ་དངུལ་སྒོར་ཁྲི་245.35བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་701ལ་རྒན་འཕྲོད་ཅན་གྱི་སྒྲིག་བཀོད་སྒྱུར་བཀོད་བྱས་པ་དང་། མ་དངུལ་སྒོར་ཁྲི་563བཏང་ནས་རྒན་རྒོན་ལ་བཟའ་བཏུང་ཞབས་འདེགས་ཞུས་པ་དང་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་183མང་དུ་བཏང་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མར་སེམས་ཁམས་འཕྲོད་བསྟེན་ཕན་བདེའི་སྒྲིག་གཞི་བསྐྲུན་ནས་ལས་གཉེར་བྱེད་བཞིན་ཡོད་ལ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་དགེ་སྒྲུབ་རྩ་འཛུགས་ལ་རིམ་རྩིས་བརྒྱབ་ན་ཞལ་འདེབས་དངུལ་སྒོར་དུང་ཕྱུར་12.29རྒྱག་རྒྱུར་མཛུབ་ཁྲིད་ཀྱིས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལའང་རམ་འདེགས་བྱས་ཡོད།

    ས་མིང་དོ་དམ་གྱི་ཞབས་ཞུ་ལེགས་སུ་བཏང་ཞིང་། ཀྲུང་གོའི་རྒྱལ་ཁབ་ས་མིང་ཆ་འཕྲིན་མཛོད་ནང་ས་མིང་ཆ་འཕྲིན་ཁྲི་2.1ལྷག་ཙམ་བསྐྱར་དུ་ཞིབ་བཤེར་ཕབ་འཇུག་གིས“གྲོང་གསེབ་ཀྱི་གྲགས་ཅན་བྱ་སྤྱོད”མུ་མཐུད་སྤེལ་ཏེ། གྲོང་གསེབ་ཀྱི་ས་མིང་324ལ་མིང་བཏགས་པ་དང་མིང་བསྒྱུར་བ་མ་ཟད། གྲོང་གསེབ་ཀྱི་ས་མིང་མཚོན་རྟགས་1163བཙུགས་ནས་སྲུང་སྐྱོང་བྱས་པ་དེས་མང་ཚོགས་ཕྱིར་སྐྱོད་དང་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ནུས་ལྡན་དང་ས་མིང་གི་རིག་གནས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་ཐུབ་ཡོད།

    རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས། 2026ལོར་ཕྱོགས་བདུན་ཐད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་ནན་པོ་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ལས་དོན་གྱི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བ་བཅས་བྱས་ནས། དམངས་སྲིད་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།