སྡོད་ཁང་གསར་པར་སྤོས། ལོ་གསར་སྤྲོ་བས་རོལ།
གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་བཀྲ་ཤིས་སྒང་ཤང་མགྲོན་ཁང་གྲོང་ཚོར་བཅར་འདྲི་བྱས་པ།
གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་བཀྲ་ཤིས་སྒང་ཤང་མགྲོན་ཁང་གྲོང་ཚོའི་ཡུལ་མི་ཚེ་རིང་དབང་རྒྱལ་གྱི་སྡོད་ཁང་གསར་པའི་སྒོ་རར་འཛུལ་སྐབས། ཉི་འོད་ཉིས་ཐོག་གི་ཤེལ་ཁང་ལ་འཕྲོས་པ་དང་ཐོག་ཁར་བཙུགས་པའི་རྒྱལ་དར་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
ཚེ་རིང་དབང་རྒྱལ་གྱི་བཟའ་ཟླ་བསམ་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་ང་ཚོ་ཁང་པའི་ནང་བསུས་པ་དང་། དེ་རྗེས་ཁོང་ཁྱོ་ཤུག་གཉིས་ཀྱིས་ང་ཚོ་ཐོག་ཁར་ལྟ་སྐོར་དུ་ཁྲིད་བྱུང་། ཉིས་ཐོག་གི་ཁང་པ་གཅིག་ལ་བོད་བཟོའི་མཛེས་བཟོ་བྱས་ཡོད་པས་གནའ་ཉམས་ལྷག་པར་དོད། “ཁང་པ་ཡག་པོ་འདི་འདྲར་ངེས་པར་དུ་མཛེས་བཟོ་ཡག་པོ་བྱེད་དགོས། ཁང་པ་ཧྲིལ་པོ་མཛེས་བཟོ་བྱེད་པར་ད་དུང་སྒོར་ཁྲི་བརྒྱད་དགུ་ཙམ་དགོས་ཀྱི་འདུག འོན་ཀྱང་ང་ཚོར་བྲེལ་བ་མེད། དངུལ་ག་ལེར་བསགས་ཏེ་མུ་མཐུད་མཛེས་བཟོ་བྱེད་རྩིས་ཡོད”ཅེས་ཚེ་རིང་དབང་རྒྱལ་གྱིས་གསར་འགོད་པར་བཤད།
བསམ་སྒྲོན་གྱིས་ཤེལ་ཡོལ་སྔོན་པོ་བསྒར་བའི་སྒེའུ་ཁུང་ལ་མཛུབ་མོ་བཙུགས་ནས“རྩིག་པ་མཐུག་ཏུ་བཏང་བས་ཁང་པའི་ནང་ཧ་ཅང་དྲོ་པོ་འདུག་ལ། འཛེར་སྒྲ་འགོག་ནུས་ཀྱང་ཡག་པོ་འདུག དེ་སྔའི་ཁང་པར་སྡོད་སྐབས་དགུན་ཁ་ལྷགས་པ་བརྒྱབ་ན་ཁང་པའི་ནང་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད། ད་ཆ་ཁང་པའི་ནང་ཐལ་རྡུལ་ཧ་ལམ་མཐོང་རྒྱུ་མེད”ཅེས་བཤད།
2025ལོའི་ཟླ་1ཚེས་7ཉིན་བརྒྱབ་པའི་དིང་རིའི་ས་ཡོམ་རིམ་པ་6.8ཁྲོད་ཚེ་རིང་དབང་རྒྱལ་ཁྱིམ་གྱི་སྡོད་ཁང་རྙིང་པའི་ཀ་བ་འཁྱོག་ནས་རྡིབ་གྲབས་བྱས་མོད། སྟབས་ལེགས་པ་ཞིག་ལ་ནང་མི་ཚང་མར་རྨས་སྐྱོན་ཕོག་མེད། ཁྱིམ་གྱི་དཔལ་འབྱོར་ཆ་རྐྱེན་ལ་གཞིགས་ན་ཁང་པ་ཆུང་ཆུང་ཞིག་ལས་རྒྱག་ཐུབ་ཀྱི་མེད་པས། ཁོང་ཁྱོ་ཤུག་གཉིས་པོར་སེམས་ཁྲལ་ཆེན་པོ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱལ་ཁབ་ཀྱིས་ལོ་ཕྱེད་ནང་ཁོང་ཚོར་སྲ་ཞིང་བརྟན་ལ་བདེ་འཇགས་དང་མཛེས་སྡུག་ལྡན་པའི་སྡོད་ཁང་གསར་པ་བརྒྱབ་པ་རེད།
མི་150ལྷག་ཙམ་ཡོད་པའི་མགྲོན་ཁང་གྲོང་ཚོའི་དུད་ཚང་7གྱི་སྡོད་ཁང་བསྐྱར་སྐྲུན་བྱས་པ་དང་དུད་ཚང་23གྱི་སྡོད་ཁང་ཉམས་གསོ་བརྟན་གཏོང་བྱས་པ་རེད། ཚེ་རིང་དབང་རྒྱལ་ཁྱིམ་དུ་ནང་མི་10ཡོད་པས་ཁང་པ་བསྐྱར་སྐྲུན་བྱེད་རིང་སྨི་ངོས་གྲུ་260ཟིན་པའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཁང་པ་རག་པ་རེད།
“2025ལོའི་ཟླ་5ཚེས་30ཉིན་ནས་བཟུང་རྩིག་རྨང་འདྲུ་འགོ་ཚུགས་པ་དང་། ཟླ་7ཚེས་12ཉིན་ཁང་པའི་ཐོག་བཀབ་པ། ཟླ་10ཚེས་31ཉིན་སྤོས་ཟིན་པ་རེད”གྲོང་ཚོའི་ཐོག་བཀབ་པའི་བསྐྱར་སྐྲུན་དུད་ཚང་དང་པོ་ཡིན་པའི་ཚེ་རིང་དབང་རྒྱལ་གྱིས་སྡོད་ཁང་སྐྲུན་པའི་བརྒྱུད་རིམ་གསལ་པོ་ཤོད་རྒྱུ་ཡོད། “ཐོག་གསོལ་ཉིན་ཡུལ་མི་མང་པོ་ཞིག་རྟེན་འབྲེལ་ཞུ་བར་ཡོང་བ་དང་ཤང་གི་ལས་བྱེད་པའང་དེ་གར་ཡོང་ནས་ཉིན་གཅིག་སྐྱིད་སྐྱིད་བཏང་ནས་བསྡད”
“ལོ་གསར་འཆར་ལ་ཉེ་བས་ཁྱིམ་དུ་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཕུན་སུམ་ཚོགས་པོ་བྱས་འདུག”ཅེས་གསར་འགོད་པས་ཅོག་ཙེའི་ཐོག་བསྒྲིགས་པའི་བཟའ་བཅའ་སྣ་ཚོགས་ལ་ལྟ་བཞིན་བཤད། “རེད། རེད། ནས་ཆང་བསྙལ་ཡོད། འབྲས་དང་། གྲོ་ཞིབ། ཤ་སོགས་ཚང་མ་ཉོས་པ་མ་ཟད། ཕྲུ་གུ་ཚོར་གྱོན་ཆས་གསར་པའང་ཉོས་ཡོད”ཅེས་ཚེ་རིང་དབང་རྒྱལ་གྱིས་གད་མོ་དགོད་བཞིན་བཤད།
མགྲོན་ཁང་གྲོང་ཚོའི་ཡུལ་མིས་སོ་ནམ་ལོ་གསར་དང་བོད་ཀྱི་ལོ་གསར་གཉིས་ཀ་གཏོང་གི་ཡོད། “ཚེ་འདིར་ཁང་པ་ཡག་པོ་འདི་འདྲར་ལོ་གསར་གཏོང་རྒྱུ་ཡོང་བ་བསམ་ཡུལ་ལས་འདས་སོང”ཞེས་ཚེ་རིང་དབང་རྒྱལ་གྱིས་དགའ་ཚོར་ཆེན་པོས་བཤད།
མགྲོན་ཁང་གྲོང་ཚོར་བོད་ཀྱི་ལོ་གསར་ཚེས་གཅིག་དང་ཚེས་གཉིས་ཉིན་གྲོང་ཚོའི་རིག་རྩལ་རུ་ཁག་དང་གྲོང་ཚོའི་ཚོགས་ཆུང་ལྔས་འཁྲབ་སྟོན་བྱས་པ་དང་། ཚེས་གསུམ་ཉིན་ལྷ་མོ་ཚོགས་པ་གདན་དྲངས་ནས་ལྷ་མོ་འཁྲབ་པརེད། ད་དུང་ཚེས་བཞི་ཉིན་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུ་རེད།
གསར་འགོད་པ་ཁོང་ཁྱིམ་ནས་ཐོན་སྐབས་སྒོ་རའི་ནང་ད་དུང་ས་སྟོང་ཡིན་པ་དང་། ཚེ་རིང་དབང་རྒྱལ་གྱིས་དཔྱིད་ཀ་ཤར་མ་ཐག་སྒོ་རའི་ནང་རྩྭ་དང་མེ་ཏོག་སོགས་འདེབས་རྩིས་ཡོད་ཅེས་བཤད། ལོ་ཕྱེད་རྗེས་སླར་ཡང་མགྲོན་ཁང་གྲོང་ཚོར་བཅར་འདྲིར་བསྐྱོད་ཚེ་ཁྱིམ་ཚང་ཚང་མ་གཙང་སྦྲ་དོད་ཅིང་། སྒོ་རའི་ནང་མེ་ཏོག་སྣ་ཚོགས་བཞད་ནས་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།
འབྲེལ་ཡོད་གསར་འགྱུར།