དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    མིག་སྔའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-02-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་བཏོན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་4པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《མིག་སྔའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན》ཞེས་པ་བཀོད་ཡོད་པ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2025ལོའི་ཟླ་12ཚེས་10ཉིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད།

    རྩོམ་ཡིག་ནང་ནན་བཤད་བྱས་དོན། 2026ལོའི་དཔལ་འབྱོར་ལས་དོན་གྱི་ལས་སྣེ་མང་ལ་རྙོག་འཛིང་ཆེ་བས། འགག་རྩ་ནི་དམ་འཛིན་དང་རྩ་འཛིན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། ནང་མཁོས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་སྐྲུན་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་མ་འཇོག་རྒྱ་སྐྱེད་གཏོང་བར་སྤྱི་འདོམས་ཀྱིས་རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་བེད་སྤྱོད་ཡག་པོ་བྱེད་དགོས། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་གྱི་འཆར་གཞི་བཟོས་ནས་ལག་བསྟར་བྱེད་པ་དང་། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་རྒྱ་ཆེར་གཏོང་བ། “གསར་གཉིས”སྲིད་ཇུས་ལག་བསྟར་བྱེད་སྟངས་ལེགས་སུ་གཏོང་བ། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་བྱེད་ཐབས་གཙང་བཤེར་བཅས་བྱས་ནས། རིག་གནས་དང་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས།

    དམངས་འཚོར་ཕན་འདོགས་པ་དང་སྙུགས་ཤེས་ཆེ་རུ་གཏོང་བར་དམིགས་ནས། མ་འཇོག་ཆག་ཆད་བརྟན་ལོག་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་གི་གཞི་ཁྱོན་ཆེ་རུ་འོས་འཚམ་གཏོང་བ། “གཙོ་གནད་གཉིས”ཀྱི་རྣམ་གྲངས་ལག་བསྟར་བྱེད་ལེགས་སུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་གྱི་སྤྱོད་སྒོར་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་ཆས་གསར་པའི་ནུས་པ་མུ་མཐུད་འདོན་པ། གྲོང་ཁྱེར་གསར་སྒྱུར་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་ནུས་ལྡན་འཕེལ་བར་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། གསར་གཏོད་ལ་བརྟེན་ནས་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གང་མགྱོགས་གཏོང་དགོས་ཤིང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པ་འཕེལ་རྒྱས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཇུས་གཞི་བཟོ་དགོས། པེ་ཅིང(ཅིང་ཅིན་ཅི)དང་། ཧྲང་ཧའེ(འབྲི་ཆུའི་ཟུར་གསུམ་ཁུལ) གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་གཏོད་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་གཏོང་བ་དང་། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། རྣམ་པ་གསར་པ་བཅས་བཀོལ་སྤྱོད་དཔེ་སྟོན་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ། གསར་དར་ཁྱབ་ཁོངས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གྲུབ་འབྲས་གང་མགྱོགས་གཞན་སྒྱུར་བྱེད་དགོས། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་ལེགས་བྱ་སྤྱོད་ཀྱི་ཇུས་གཞི་བཟོ་དགོས། རེས་སྐོར་གསར་པའི་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་ལག་ལེན་བསྟར་དགོས། “མི་ཐབས་རིག་ནུས+”རྒྱ་སྐྱེད་གཏིང་ཟབ་བཏང་ནས་མི་ཐབས་རིག་ནུས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་དང་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། སྒྱུར་བཅོས་འགག་སྒྲོལ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་གི་སྲོལ་ཡིག་བཟོས་ཏེ“ནང་རྨུག་རྣམ་པའི”འགྲན་རྩོད་ལ་བཅོས་སྒྲིག་གཏིང་ཟབ་བྱས་ནས་ཁྲོམ་རའི་ཁོར་ཡུག་ཡག་པོ་གཏོད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ཇུས་གཞི་བཟོ་བ་དང་ལག་ལེན་བསྟར་ནས་དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་བཅའ་ཁྲིམས་ཀྱི་ལྷན་སྦྱར་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་བྱས་པ་རྣམས་གང་མགྱོགས་གཙང་སེལ་བྱེད་དགོས། ལས་སྟེགས་ཁེ་ལས་དང་ལས་སྟེགས་ནང་གི་གཉེར་སྐྱོང་བ་དང་ངལ་རྩོལ་བ་གཉིས་ཕན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཚོད་ལྟ་རྒྱ་སྐྱེད་གཏོང་དགོས། ནོར་སྲིད་ཀྱི་སྒྱུར་སྤྲོད་གྲུབ་ཆ་ལེགས་སུ་བཏང་ནས་ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་འབོར་ཚད་ཉུང་དུ་དང་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མ་རྩའི་ཁྲོམ་རའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་མང་པོའི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་རྣམ་པ་བསྐྱར་དུ་གཏོད་བཞིན་ཡོད་པས། སྒོ་དབྱེར་བརྟེན་ནས་མཉམ་ལས་ཟབ་ཏུ་གཏོང་བ་དང་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཤར་གཏོང་ཡོང་བར་བྱེད་དགོས། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱི་རང་བརྟེན་སྒོ་དབྱེ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་བ། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་བཀོད་པ་དང་ཁྱབ་ཁོངས་ལེགས་སུ་གཏོང་བ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ཚོང་དོན་དང་མ་འཇོག་གཞི་གཅིག་ཅན་དང་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུ་ཕྱིར་གཏོང་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་ཚོང་དོན་དང་ལྗང་མདོག་ཚོང་དོན་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཕྱི་རྒྱལ་ཚོང་པའི་མ་འཇོག་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་ལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཕྱི་རྒྱལ་གྱི་མ་དངུལ་མངའ་ཁོངས་སུ་བསྐྱར་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་ས་གནས་ཅན་གྱི་ཐོན་སྐྱེད་རྒྱ་ཆེར་གཏོང་དགོས། ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་དང་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཇོག་གྲོས་མཐུན་སྔར་ལས་མང་བར་གྲོས་མོལ་དང་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་ཤིང་། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་ནས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨོ་ཞིང་གི་དམར་ཐིག་ནན་པོ་བསྲུངས་ཏེ། འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་ཡག་པོ་བྱས་ཏེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཚད་གཞི་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་རྒྱུན་མཐུད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་སྤྱི་འདོམས་ལག་བསྟར་བྱེད་པའི་ནང་བཅུག་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པ་དང་དབུལ་པོར་མི་གྱུར་བའི་མཐའ་ཚད་བརྟན་པོར་སྲུང་དགོས། ས་གནས་ཁག་གིས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ཁྲོད་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་བྱེད་པོའི་ནུས་པ་ཆེ་རུ་དང་དགེ་མཚན་ཆེ་རིགས་འདོན་སྤེལ་བྱེད་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས་གཙོ་གནད་གྲོང་ཁྱེར་ཁྱུ་ཚོགས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་འཛིན་ཁུལ་ལས་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཚོ་ཁུག་གཙོ་བོའི་སྤྱི་ཡོངས་ཀྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། “ཐཱན་གཉིས”ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཤིང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། དཔལ་འབྱོར་འཕར་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་སྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་བཟོས་ཏེ། ནུས་རྒྱུའི་མ་ལག་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ནུས་རྒྱུ་གཙང་མའི་གློག་སྤྱོད་རྒྱ་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་སྤྱོད་ལག་བསྟར་བྱས་ཏེ་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་རྡུལ་དག་པ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་གཏིང་ཟབ་རྒྱག་པ་དང་། སྦགས་བཙོག་དངོས་པོ་གསར་པར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་དང་ལེགས་སུ་གཏོང་རྒྱུ་ལག་བསྟར་བྱེད་དགོས། གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་། འཁྱིལ་ཆུ་བཤང་འབུད། གེགས་འགོག་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་བའི་ཆ་གང་མགྱོགས་གསབ་སྟེ། གནམ་གཤིས་ངན་པར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས།

    རྩོམ་ཡིག་ནང་བསྟན་དོན། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ལ་བྱ་བ་དངོས་མང་ཙམ་ཧུར་ཐག་སྒྲུབ་དགོས་ཤིང་། ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ལས་གནས་བརྟན་གཏོང་དང་། གཤོང་ཚད་རྒྱ་སྐྱེད། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བ་དང་སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣ་རྣམས་ལས་བཟོའི་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པ་དང་གྲུབ་ཆ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་གནས་མཁོ་སྤྲོད་དང་སྤུས་ལེགས་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་མང་དུ་གཏོང་དགོས། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལེགས་སྒྱུར་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། དྲག་སྐྱེད་ནད་སྐྱོང་གི་གཤོང་ཚད་ཆེར་གཏོང་གི་འདུ་འགོད་ལག་བསྟར་བྱེད་པ་དང་། ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་ཁྱབ་གདལ་གཏོང་བ། མི་ཧྲེང་རྒན་རྒོན་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉེན་སྒྲིག་དང་བུ་བཙའི་འདུ་ཤེས་བཟང་པོ་དར་སྤེལ་བཏང་ནས། གསར་འཕར་མི་འབོར་གྱི་གཞི་ཁྱོན་བརྟན་པོ་ཡོང་བར་འབད་བརྩོན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་གསེད་བཀྲོལ་ལ་ཤུགས་སྣོན་ཤུགས་རྒྱག་དགོས།

    རྩོམ་ཡིག་ནང་བསྟན་དོན། མཐའ་ཚད་བརྟན་སྲུང་མཐའ་འཁྱོངས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་ཧུར་ཐག་སེལ་དགོས་ཤིང་། ཉེན་ཁ་སྔོན་འགོག་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་མཉེན་ཆ་སྔར་བས་ཆེ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་ཡོང་བ་དང་། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་གྱིས་འཕར་འབོར་ལ་ཚོད་འཛིན་དང་། མཛོད་ཉར་འདོར་སྒྱུར། མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ། གསོག་འབོར་གྱི་ཚོང་སྒྱུར་ཁང་པ་ཉོས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཐད་གཙོ་གནད་ཐོག་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཀྱིས“ཁང་པ་ཡག་པོ”འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་གཏོད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་གོ་རིམ་ལྡན་པའི་སྒོ་ནས་ཧུར་ཐག་བསལ་ཏེ། ས་གནས་ཁག་ལ་རང་འགུལ་ངང་བུ་ལོན་སེལ་བར་སྐུལ་མ་གཏོང་དགོས། བུ་ལོན་བསྐྱར་སྒྲིག་དང་བརྗེ་ལེན་བྱ་ཐབས་ལེགས་སྒྱུར་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་ས་གནས་སྲིད་གཞུང་གི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁ་སེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།