སྲི་གཅོད་ཁྱིམ་གྱི་དམིགས་བསལ“དགུ་ཐུག”

འདི་ནི་མི་དམངས་ཉེན་རྟོག་པས་ཕུར་བུ་མཚམས་གཅོད་ཀྱི་ཚ་མོ་པང་དུ་བཏབ་ནས་སྒེའུ་ཁུང་གི་ཁྲ་མའི་ངོས་སུ་ཤོག་དྲས་མེ་ཏོག་སྦྱོར་བཞིན་པ།

འདི་ནི་ཕུར་བུ་མཚམས་གཅོད་དང་མི་དམངས་ཉེན་རྟོག་པས་མཉམ་དུ་དགུ་ཐུག་སྐོལ་བཞིན་པ།
ཟླ་2ཚེས་16ཉིན་ནི་དཔྱིད་གསར་དུས་ཆེན་གྱི་གནམ་གང་རེད་ལ། བོད་ཀྱི་ལོ་གསར་གྱི་དགུ་ཐུག་གི་དགོང་མོའང་རེད།
“དོ་དགོང་གྲོང་རྡལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་དགུ་ཐུག་འཐུང་རྩིས་ཡོད་པས། ང་ཚོས་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡོད” གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་དུ་སྲི་གཅོད་ཀྱིས་ནང་མི་དང་མཉམ་དུ“དགུ་ཐུག”གི་མཁོ་ཆས་སྣ་ཚོགས་གྲ་སྒྲིག་བྱས་ཏེ་དམིགས་བསལ་གྱི་དགུ་ཐུག་སྐོལ་བར་བྲེལ་བཞིན་ཡོད།
ས་སྲོས་སྐབས“དགུ་ཐུག་བཟང”ཞེས་པའི་བཀྲ་ཤིས་སྨོན་འདུན་དང་སྦྲགས་ནས་ཤར་གསིང་མ་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོས་བཀྲ་ཤིས་སྨོན་འདུན་དང་དཔྱིད་གསར་ཆ་ཡིག་འཁྱེར་ནས་དགུ་ཐུག་འཐུང་བར་ཡོང་།
ས་རུབ་ལ་ཉེ་བའི་སྐབས་སྲི་གཅོད་ཁྱིམ་གྱི་ཐབ་ཚང་ནས་དྲི་ཞིམ་འཐུལ་ཞིང་། ལོ་66ལ་སླེབས་པའི་རྨོ་བོ་ཕུར་བུ་མཚམས་གཅོད་ཀྱིས་བྱང་ཆུབ་པའི་ངང་གྲོ་ཞིབ་རྫི་བ་དང་། ན་གཞོན་མི་དམངས་ཉེན་རྟོག་པ་གཉིས་ཀྱིས་ཕུ་ཐུང་བརྫེས་ནས་བག་ཐུག་བཟོ་རོགས་བྱས།
ཡུད་ཙམ་སོང་རྗེས་ཚ་སོབ་སོབ་ཀྱི“དགུ་ཐུག”འཐུང་འགོ་ཚུགས་ཤིང་། ཚང་མས་རང་ཉིད་ཀྱི་ཕོར་པའི་ནང་ནས་གང་ཞིག་དོན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ལ། ཁ་ཤས་ཀྱི་ཐུག་པའི་ནང་བལ་ཐོན་ཚེ“གཤིས་ཀ་འཇམ་པོ”འདུག་ཅེས་བསྔགས་བརྗོད་བྱེད་པ་དང་། ཡང་ཁ་ཤས་ཀྱི་ཐུག་པའི་ནང་སུར་པན་ཐོན་སྐབས“ཁ་ཚ་པོ་འདུག”ཅེས་རྩེད་མཚར་གྱིས་འཕྱ་བའི་ཚུལ་བྱས་ཏེ་ཁྱིམ་ཡོངས་སུ་དགོད་སྒྲས་ཁེངས།
ཤར་གསིང་མ་གྲོང་རྡལ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡེ་ཤེས་ཕུན་ཚོགས་ཀྱིས་དགའ་བའི་དགོད་སྒྲས་ཁེངས་པའི་རྣམ་པར་ལྟ་བཞིན“ལོ་ལྟར་ལོ་གསར་རིང་ཁྱིམ་དུ་ལོག་ཐུབ་ཀྱི་མེད་ནའང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་ང་ཚོ་ནང་མི་ལྟ་བུར་བརྩི་གི་ཡོད་པས་ཚ་སོབ་སོབ་ཀྱི་དགུ་ཐུག་འཐུང་རྒྱུ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
དགུ་ཐུག་མཉམ་འཐུང་གི་དགོད་སྒྲ་ཟམ་མི་ཆད་པར་གྲགས་ཡོང་ཞིང་། ཉེན་རྟོག་པ་དང་མང་ཚོགས་གཅིག་སེམས་གཅིག་གཏད་ཀྱི་དྲོ་སྐྱིད་ལས་མཐའ་མཚམས་གྲོང་རྡལ་ཆུང་ངུ་དེའི་མཉམ་འཛོམས་ཀྱི་མཚན་མོར་འོད་སྣང་སྦྱིན།
འབྲེལ་ཡོད་གསར་འགྱུར།