ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བདེ་སྐྱིད་གྲོང་ཚོ།
སྡོད་ཁང་གསར་པའི་སྒོ་མོ་ཕྱེ། བདེ་སྐྱིད་འཚོ་བར་རོལ་འགོ་ཚུགས།

འདི་ནི་གྲོང་མིས་སྡོད་ཁང་གསར་པའི་ལྡེ་མིག་ལེན་བཞིན་པ།

འདི་ནི་བདེ་སྐྱིད་གྲོང་ཚོའི་སྡོད་ཁང་གསར་པ་ཡིན་པ།
ཁང་པ་གསར་པའི་ལྡེ་མིག་རེ་རེས་དུད་ཚང་732ཀྱི་གྲོང་མི་2242ཀྱི་སྡོད་ཁང་གསར་པའི་སྒོ་མོ་ཕྱེ། སྡེ་ཁུལ་གསར་པ་དེ་དག་གིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་ཆུ་ཤུར་རྫོང་མཉེས་ཐང་གྲོང་རྡལ་བདེ་སྐྱིད་གྲོང་ཚོའི་མང་ཚོགས་ཀྱི་རེ་འདོད་ཡོངས་སུ་མངོན་འགྱུར་བྱུང་། ཉིན་ཤས་གོང་། བདེ་སྐྱིད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་མི་ཚོགས་ཀྱིས་ཁེངས་ཤིང་། དེ་གར་བདེ་སྐྱིད་གྲོང་ཚོའི་ཚོགས་ཆུང་གསུམ་པར་སྡོད་ཁང་གསར་པ་སྤྲོད་པའི་མཛད་སྒོ་འཚོག་བཞིན་ཡོད།
ཁང་པ་འདེམས་སར་དགའ་སྤྲོའི་རྣམ་པས་ཁེངས།
ལྷ་ས་གྲོང་ཁུལ་ནས་རླངས་འཁོར་བསྡད་དེ་སྐར་མ་30ཙམ་བསྐྱོད་རྗེས་སྟོད་ལུང་བདེ་ཆེན་ཆུས་དང་ཐག་ཉེ་ཞིང་རྒྱལ་ལམ་318རྒྱུད་ཀྱི་བདེ་སྐྱིད་གྲོང་ཚོར་འབྱོར་གྱི་ཡོད། ཞོགས་པའི་ཆུ་ཚོད་10པར། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་གནས་སྤོས་མང་ཚོགས་ཚོས་ལག་ཏུ་ཇ་བསྲུབས་མ་བླུགས་པའི་ཇ་དམ་དང་ཞལ་ཏོག་ཁྱེར་ཏེ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་འཛོམས་ཤིང་ཚང་མའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མཆིས།
གྲོང་ཚོ་ཨུ་ལྷན་གྱི་སྤྱི་བསྒྲགས་སྒྲོམ་གྱི་མདུན་དུ་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ཁང་པའི་ཨང་གྲངས་དང་ཁང་པའི་ཆ་འཕྲིན་ལ་ནན་ཏན་ངང་བལྟ་བ་མ་ཟད། སྐབས་འགར་ཕན་ཚུན་གླེང་མོལ་བྱས་ཏེ་ཁང་པ་གསར་པར་རེ་སྒུག་ཆེན་པོ་བྱེད་བཞིན་འདུག
ཉིན་དགུང་གི་མཚམས་སུ་ཁང་པ་སྤྲོད་པའི་ལས་ཀ་མཇུག་འགྲིལ་ཞིང་། གྲོང་མི་གཉིས་གསུམ་ཙམ་མཉམ་དུ་འཛོམས་ནས་ཁང་པ་རག་པའི་དགའ་ཚོར་དང་། ཁང་པ་མཛེས་བཟོ་གང་འདྲ་བྱེད་མིན་སྐོར་གླེང་བཞིན་འདུག
བདེ་སྐྱིད་གྲོང་ཚོ་གནས་སྤོས་བྱེད་དགོས་དོན་གང་ཡིན་ནམ།
ཆུ་ཤུར་རྫོང་གྲོང་ཤར་རྒྱུད་ཀྱི་སྤྱི་ལེ་40ཙམ་དང་ལྷ་ས་གྲོང་ཁྱེར་ནུབ་རྒྱུད་ཀྱི་སྤྱི་ལེ་20ཡི་སར་གནས་པའི་བདེ་སྐྱིད་གྲོང་ཚོར་གྲོང་མིའི་ཚོགས་ཆུང་10དང་། དུད་ཚང་1093གྱི་མང་ཚོགས་3472ཡོད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་གླིང་དང་དཔལ་འབྱོར་གསར་སྤེལ་ཁུལ་མཉེས་ཐང་བཟོ་ལས་གླིང་གཉིས་གྲོང་ཚོ་དེར་ཡོད་ཅིང་། འགྲིམ་འགྲུལ་སྟབས་བདེ་དང་གནས་ཡུལ་གྱི་ལེགས་ཆ་ལྡན་པའི་གྲོང་ཚོ་དེ་གཞི་ཁྱོན་ཆེན་པོས་སྐྱེ་ཁམས་གནས་སྤོས་བྱེད་དགོས་དོན་གང་ཡིན་ནམ་ཞེ་ན། བདེ་སྐྱིད་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསྟན་འཛིན་གྱིས་དེའི་སྐོར་བརྗོད།
བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར། ད་ཐེངས་ཀྱི་གནས་སྤོས་རྣམ་གྲངས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་གྲོང་ཚོའི་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་གླིང་དང་དཔལ་འབྱོར་གསར་སྤེལ་ཁུལ་མཉེས་ཐང་བཟོ་ལས་གླིང་རྒྱུན་མཐུད་འཕེལ་རྒྱས་དང་མཐའ་འཁོར་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དབར་གྱི་འགལ་བ་ནུས་ལྡན་ངང་སེལ་རྒྱུ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད་དུ་ཡིན། རྣམ་གྲངས་དེ་བདེ་སྐྱིད་གྲོང་ཚོའི་དུད་ཚང་732གྱི་མང་ཚོགས་2242ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། 2024ལོའི་དཔྱིད་དུས་ལས་འགོ་ཚུགས་པ་དང་ལོ་དེའི་ཟླ་བ་དགུ་པ་ནས་བཟུང་གྲོང་མིའི་སྡོད་ཁང་དང་། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་སོགས་སྔ་རྗེས་སུ་བསྐྲུན་པར་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་གང་ལེགས་བསྐངས་ཡོད།
སྡོད་ཁང་གསར་པ་བསྐྲུན་རྗེས་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཕྱོགས་གཅིག་ནས་རྣམ་གྲངས་ལག་བསྟར་བྱས་པས་ཐོན་ལས་གླིང་གི་འབྲེལ་ཡོད་སྒྲིག་ཆས་ཀྱིས་མཐའ་འཁོར་གྱི་གྲོང་མིའི་འཚོ་བར་ཤུགས་རྐྱེན་བཟོ་ཚད་ཆུང་དུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་སྡོད་ཁང་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད། ཕྱོགས་གཞན་ཞིག་ནས་གནས་སྤོས་བྱས་རྗེས་ས་ཆ་མུའུ་4130ཙམ་ཕྱིར་སློག་བྱས་པའི་ནང་ས་ཆ་མུའུ་20སྤྱད་དེ། ཆུ་ཤུར་རྫོང་དེ་ཉིད་ལྷ་སའི་སྤུས་ཚད་མཐོ་བའི་ཐོན་སྐྱེད་བསྐྱར་མའི་མཉམ་འདྲེས་ནུས་པའི་ཁུལ་གསར་བཏོད་པ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་སླེབས་པར་སྒུལ་ཤུགས་སྦྱིན་ཡོད།
འཚོ་བ་གསར་པ་དང་སྡེ་ཁུལ་གསར་པ་ལས་རེ་བ་གསར་པ་སྦྱིན་པ།
བསྟན་འཛིན་གྱིས་གསར་འགོད་པར་ད་ཐེངས་བདེ་སྐྱིད་གྲོང་ཚོའི་གནས་སྤོས་རྣམ་གྲངས་ནི་ཆུ་ཤུར་རྫོང་གི་སྐྱེ་ཁམས་གནས་སྤོས་ཡུལ་མིའི་ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན། གྲོང་མིའི“བདེ་སྡོད”ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། “ལས་བརྩོན”གྱི་དམིགས་ཚད་ཀྱང་དེ་བས་སྒྲུབ་དགོས་པས་རྣམ་གྲངས་འཆར་འགོད་ལེགས་པོ་བྱས་ཡོད་ཅེས་བརྗོད།
སྡོད་ཁང་གསར་པའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་མ་ཟད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱང་ཆ་ཚང་པོ་ཡོད། གྲོང་མི་རྣམས་འཚོ་བ་གསར་པར་བསྟུན་ཐུབ་པ་བྱ་ཆེད། གྲོང་རྡལ་གྱིས་ཏང་ཡོན་ལས་བྱེད་པ་དང་དང་བླངས་པ་ལས་གྲུབ་པའི“རོགས་སྐྱོར་ཚོགས་ཆུང”བཙུགས་ནས་གྲོང་མིར་སྲིད་ཇུས་ཀྱི་བློ་འདྲི་དང་འཚོ་བར་རོགས་རམ་བྱེད་པ་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་ཡོད། དེ་དང་ཆབས་ཅིག་ད་དུང་སྡེ་ལས་དོ་དམ་ཞབས་ཞུའི་སྡེ་ཚན་བཙུགས་ནས་གྲོང་མི་གཞི་རིམ་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ་གྲོང་མི་ཞིག་ནས་སྡེ་ཁུལ་གྱི་བདག་པོར་གྱུར་བ་བྱས་ཡོད།
བདེ་སྐྱིད་གྲོང་ཚོ་གནས་སྤོས་བྱས་པ་དེ་ནི་རང་ལྗོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་མཐུན་སྦྱོར་འཕེལ་རྒྱས་ལག་བསྟར་བྱས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། གནས་སྤོ་བྱས་རྗེས་བདེ་སྐྱིད་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་ཟད། ད་དུང་གྲོང་མིའི་བདེ་ཐང་གི་ཆུ་ཚད་དང་འཕེལ་རྒྱས་ནུས་པ་ཡང་རིམ་བཞིན་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།