དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-16

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས་པ།

     ལི་ཆང་གིས་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཞུགས་པ།

    ཟླ་2ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་2026ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།

    ཟླ་2ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་2026ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་ཤིང་། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་དང་རྒྱལ་སའི་ལས་རིགས་ཁག་གི་མི་སྣ་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་དམངས་ཚོགས་ཁང་ཆེ་མོར་2026ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བ་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ལ་ཉེ་བའི་ཤིང་སྦྲུལ་ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཀྱི་མདུན་དུ་ང་ཚོས་ཞུམ་མེད་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་ཐུབ་པ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་ནས་རང་རྒྱལ་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དངོས་དང་། ཚན་རྩལ་གྱི་སྟོབས་ཤུགས་དངོས། རྒྱལ་སྲུང་གི་སྟོབས་ཤུགས་དངོས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད།

    ལི་ཆང་གིས་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཞུགས་ཡོད་པ་རེད།

    མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་དུ་གློག་འོད་ཁྲ་ཆིལ་ལེར་སྤར་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལས་རིགས་ཁག་གི་མི་སྣ་2000ལྷག་ཙམ་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བཞིན་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།

    སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོམས་ཆེན་དུ་ཕེབས་ནས། ཚང་མར་བྱམས་བརྩེའི་ངང་ཕྱག་གཡུག་གཡུག་གནང་བ་དང་། ཚང་མ་དང་ཕན་ཚུན་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་ཞུ་རེས་གནང་བས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ལོ་གཅིག་རིང་ང་ཚོས་དེ་བས་དགེ་མཚན་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་ལེན་བསྟར་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་དུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་གནོན་བཟོད་མདུན་སྐྱོད་དང་གསར་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཏེ་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་། རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བས། བྱ་གཞག་ཁག་ཕན་ཚུན་སྐུལ་འདེད་དང་མཉམ་དུ་གོང་འཕེལ་ཕྱིན་ཡོད། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་ཤུགས་སྣོན་ཧུར་ཐག་བརྒྱབ་པས། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོ་བཙུགས་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ། གཡོད་ཀང་ཨའོ་ས་ཁུལ་གསུམ་གྱིས་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་གཉེར་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་སྒྲིལ་བྱས་ཡོད། ང་ཚོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་དང་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་བས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་བསྣན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་དར་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་གཅིག་རིང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་དོན་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་རེད། གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་འབད་འཐབ་ཀྱིས་གདེང་ཚོད་ཆེ་རུ་འགྲོ་གི་ཡོད། འཐབ་ཇུས་ཀྱི་གཏིང་ཤུགས་རྒྱུན་འཁྱོངས་བྱས་ནས་གོམ་པ་རེ་ལ་རྐང་རྗེས་རེ་རེ་བཞིན་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་པ་དང་དུས་མཚམས་རེ་རེ་བཞིན་སྐུལ་འདེད་ཏན་ཏིག་བཏང་ཚེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཆུ་ཐིགས་བསགས་ནས་རྒྱ་མཚོ་འབྱུང་བའི་དཔེ་ལྟར་རྒྱལ་ཁ་ཆེན་པོ་ཐོབ་ངེས་ཡིན་ལ་ང་ཚོའི་དམིགས་ཚད་ཀྱང་མངོན་འགྱུར་ཐུབ་ངེས་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། 2026ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་གང་ཐུབ་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་ནི་མི་དམངས་ཀྱི་ཆེད་དུ་བཙུགས་པ་དང་མི་དམངས་ཀྱི་ཆེད་དུ་དར་རྒྱས་བྱུང་བས། ལས་དོན་མཐའ་དག་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་ཡིན་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྭའི་རིག་གནས་ནང་རྟ་ནི་སྟོབས་དང་སྙིང་རུས་ཆེ་བའི་མཚོན་རྟགས་ཤིག་ཡིན་པས། བརྟན་བགྲོད་རྒྱང་འཁྱོལ་དང་ཡར་རྒྱས་གོང་འཕེལ་གྱི་མདུན་ལམ་མཚོན་གྱི་ཡོད། མེ་རྟ་ལོར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་དཔའ་སེམས་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་རྟ་ཕོ་ལྕག་གིས་བསྐུལ་ནས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད།

    རིག་རྩལ་ལས་དོན་པས་ས་གནས་ས་ཐོག་ཏུ་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།

    ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་བློ་མཐུན་རྒན་གྲས་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཞུགས་པ་རེད།

    ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ད་དུང་ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཚན་ཁག་དང་དེ་བཞིན་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལ་ཡང་མ་གཏོགས་པའི་མི་སྣའི་འཐུས་མི། ལས་བྲལ་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཀྱི་འཐུས་མི། གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་། རྒྱལ་སའི་ལས་རིགས་ཁག་གི་མི་སྣའི་འཐུས་མི་བཅས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།