དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མེ་རྟའི་ལོ་གསར་འཆར་ལ་ཉེ། མཁོ་ཆས་སྐར་ཚོགས་བཞིན་དུ་འཛོམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། ཉི་མ་ཆོས་གྲུབ། བུ་ཆུང་། མིག་དམར་སྒྲོལ་དཀར།   |     སྤེལ་དུས།  2026-02-15


    ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་བཟང་པོ་མཚོན་པའི་ལུག་མགོ

    བཅུད་ལྡན་ཟས་རིགས་སྣ་ཚོགས་གཤོམ་ལ་མཁོ་བའི་ཤིང་ཁྲོལ་ལ་སོགས།

    ཁང་བཟང་རྒྱན་དུ་མཁོ་བའི་ཤམ་བུ་དང་སྒོ་ཡོལ་ཉོ་ཚོང་འཁྲུག་པ།

     གཟབ་མཆོར་ལ་མེད་དུ་མི་རུང་བའི་ཞྭ་གོས་འཛོམས་པ།

     འབོ་དང་རྩེ་སྒྲོ་སོགས་ཀྱི་ལོ་གསར་མཁོ་ཆས་སྣ་ཚོགས།

    སོ་ནམ་ལོ་གསར་ཚར་བ་དང་བསྟུན་ནས་བོད་ཀྱི་ལོ་གསར་ཡང་འཆར་ཉེར་ཡོད། སྤྱིར་བོད་ཀྱི་ལོ་གསར་ནི་ལྷ་ས་ཁུལ་གཙོ་བོར་བྱས་པའི་བོད་ཀྱི་ས་ཁུལ་མང་ཆེ་བའི་ལོ་གསར་གཏོང་སྲོལ་ཞིག་ཡིན་པ་དང་། དམངས་ཁྲོད་དུ་རྒྱལ་པོ་ལོ་གསར་ཞེས་ཀྱང་ཟེར་སྲོལ་ཡོད།

    ལོ་གསར་ནི་བོད་ཀྱི་མང་ཚོགས་ཚོའི་ངོས་ནས་བརྗོད་ན། དུས་ཆེན་ཀུན་གྱི་མ་ལྟ་བུ་ཡིན་པས། མི་རྣམས་ཀྱིས་བོད་ཟླ་བཅུ་གཉིས་པ་ནས་བཟུང་ཁང་པའི་མཛེས་རྒྱན་དང་། ལུས་ཀྱི་གཟབ་སྤྲོས། ཟས་ཀྱི་སྟོན་མོ་ལ་སོགས་པའི་ལོ་གསར་གྱི་ཉེར་མཁོ་སྣ་ཚོགས་སྟ་གོན་བྱེད་ཀྱི་ཡོད། རྒྱ་ཆེའི་མང་ཚོགས་ལ་ལོ་གསར་གྱི་མཁོ་ཆས་ཉོ་བར་སྟབས་བདེ་སྐྲུན་ཆེད། ཉེ་དུས་གསར་འགོད་པ་ཆེད་མངགས་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་ཚོང་གྲོང་དུ་ལོ་གསར་གྱི་མཁོ་ཆས་ཇི་འདྲ་ཡོད་མེད་ལྟ་བར་བསྐྱོད།

    བར་སྐོར་ཚོང་གྲོང་དུ་མི་ཚོགས་ཀྱི་འདུ་ལོང་རབ་ཏུ་འཁྲུག་པ་དང་། ཚོང་ཁང་ཁག་ཏུ་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་བསྒྲིགས་ཡོད་པས། ལོ་གསར་གོང་གི་ཉོ་ཚོང་གི་རྣམ་པ་འཁྲུག་པོ་དང་། བཀྲ་ཤིས་དགའ་སྟོན་གྱི་རྟགས་དང་རྟེན་འབྲེལ་བཟང་པོ་མངོན་བཞིན་མཆིས། གསར་འགོད་པས་རྒྱུས་ལོན་བྱས་པ་བརྒྱུད། བར་སྐོར་ཚོང་གྲོང་གི་ཚོང་ཁང་ཁག་ཏུ་ཤ་མར་ཐུད་སོགས་དང་། གཟབ་སྤྲོས་སྣ་ཚོགས། སྡེར་ཁ་དང་། ལུག་མགོ ལོ་ཕུད། རྩེ་སྒྲོ་དང་། ལོ་གསར་མེ་ཏོག དར་ལྕོག་དང་། ཤམ་བུ། རྟེན་འབྲེལ་ཆ་ཡིག་སོགས་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་ཡོད་པས་རྣམ་ཐོས་སྲས་ཀྱི་བང་མཛོད་གནས་འདིར་སྤོས་སམ་སྙམ། སེམས་རྩ་འཁོལ་བའི་ཚོང་པ་རྣམས་ཀྱི་ངོ་སྤྲོད་དང་འོས་སྦྱོར་འོག་གྲོང་མི་མང་པོས་རང་རང་གི་དགོས་མཁོར་གཞིགས་ནས་ཚོང་ཁང་དུ་འཛུལ་ཏེ་ཚོང་འགྲིག་བཞིན་མཆིས།

    “སྦྱིན་བདག་ལགས། ཕྱེ་མར་འབོ་ལ་གོང་ག་ཚོད་རེད་དམ། གོང་ཁེ་པོར་བཏང་ན་གཅིག་ཉོ་ཐག་ཆོད་ཡིན” “བརྐོས་ཞིབ་ཚགས་པོ་བརྒྱབ་ཡོད། གོང་ཚད་དམའ་ཤོས་ལ་སྒོར1300རེད། དེ་ནས་རྩ་བ་ནས་གཅོག་ཡས་མེད” ཚོང་པ་ཚེ་རིང་གི་ཁྲོམ་བཀྱག་མདུན་དུ་སྐུ་མགྲོན་མི་ཉུང་བས་ཧབ་ཐོབ་ཤིག་ཤིག་གིས་ཕྱེ་མར་འབོ་འདེམས་བཞིན་ཡོད་པས། བལྟས་པ་ཙམ་གྱིས་ཚོང་བྲིན་ཁ་རྒྱུག་པོ་ཡོད་པ་མཐོང་ཐུབ། ཕྱེ་མར་འབོ་ཡི་གཞོགས་གཡས་གཡོན་གཉིས་སུ་གྲོ་དང་ཕྱེ་མར་བཀང་ཆོག་ལ། དེ་བས་ལོ་ལེགས་ཡོང་བའི་མཚོན་དོན་དུ་ལོ་གསར་མེ་ཏོག་དང་རྩེ་སྒྲོ་བསྒར་ནས་ནད་མེད་ཚེ་རིང་དང་བདེ་སྐྱིད་ཁམས་བཟང་ཡོང་བར་བྱེད་པས། ཕྱེ་མར་འབོ་ནི་ལོ་གསར་ལ་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཏུ་གྱུར་ཡོད། ཚོང་པ་ཚེ་རིང་གིས། ཕྱེ་མར་འབོའི་ངོས་ཀྱི་རི་མོ་དང་། ཚོན་མདོག ཤིང་གི་རྒྱུ་ཆར་གཞིགས་ནས་གོང་ཚད་མི་འདྲ་བ་ཁ་ཤས་ཡོད་ཅིང་། སྤྱིར་ན་སྒོར་བརྒྱ་ལྷག་ཙམ་ནས་སྟོང་ཕྲག་མ་ཟིན་ཙམ་བྱེད་ཀྱི་ཡོད། ཚོང་ཤག་མང་ཆེ་བས་བཟོ་ལྟ་རྙིང་པ་དང་རི་མོ་རྙིང་པ་དེ་ཚོར་མཉེས་པོ་གནང་གི་འདུག་ཅེས་གསར་འགོད་པར་བཤད།

    རྩེ་སྒྲོ་ནི་ལོ་གསར་ལ་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་བྱེད་དུ་སྤྱོད་པའི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། ལོ་ལྟར་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ལ། ཨ་ནོར་བུས་འཆར་ཅན་ལྟར་གཞིས་ཀ་རྩེ་རིན་སྤུངས་ནས་ལྷ་སར་རྩེ་སྒྲོ་འཚོང་བར་ཡོང་གི་ཡོད་པས། ད་ལོ་ཡང་ཁོང་འཆར་ཅན་ལྟར་ལྷ་སར་རྩེ་སྒྲོ་འཚོང་བར་སླེབས་ཡོད། ནོར་བུའི་ཚོང་ཁང་གི་མདུན་དུ་སྐུ་མགྲོན་མང་པོ་མགོ་བོ་རུབ་རུབ་བྱས་ནས་རྩེ་སྒྲོ་འདེམས་བཞིན་འདུག གསར་འགོད་པས་ཉམས་ཞིབ་བྱས་པ་ལྟར་ན། དེ་གར་རྩེ་སྒྲོ་སྣ་ཁ་ཧ་ཅང་མང་བ་དང་། སྣ་ཁ་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་མིང་ཡང་མི་འདྲ་བ་འདུག “དཔེར་ན། མཐུན་པ་སྤུན་བཞི་དང་ཚེ་རིང་རྣམ་དྲུག་ཟེར་བ་སོགས་སྣ་ཁ་ཤིན་ཏུ་མང་པོ་ཡོད། རྩེ་སྒྲོའི་ཆེ་ཆུང་དང་རི་མོའི་སྤུས་ཀ་དག་ལོས་ལ་གཞིགས་ནས། གོང་ཚད་སྒོར་30ནས་100ལྷག་ཙམ་བར་བྱེད་ཀྱི་ཡོད། ང་ཚོའི་རྩེ་སྒྲོ་ཉོ་མཁན་མང་པོ་འདུག་པས། ཉིན་གཅིག་ལ་རྩེ་སྒྲོ་60ནས་70བར་བཙོངས་ཐུབ་ཀྱི་འདུག”ཅེས་ཚོང་དཔོན་ནོར་བུས་རྩེ་སྒྲོར་ཐུམ་སྒྲིལ་རྒྱག་ཞོར་གསར་འགོད་པར་དེ་ལྟར་བརྗོད། ལོ་14ལ་སླེབས་པའི་བུ་བསྟན་འཛིན་ཡོན་ཏན་གྱིས་པ་ཕར་རོགས་པ་བྱས་ཏེ། ཐུམ་སྒྲིལ་བརྒྱབ་ཟིན་པའི་རྩེ་སྒྲོ་དག་རེ་རེ་བཞིན་སྐུ་མགྲོན་གྱི་ལག་ཏུ་སྤྲོད་པ་དང་། ཞོར་དུ་སྐུ་མགྲོན་ལ་རང་གིས་བཟོས་པའི་རྩེ་སྒྲོ་ངོ་སྤྲོད་བྱེད་ཀྱི་འདུག

    “ཕེབས་ཤོག ཕེབས་ཤོག ལྷན་རྒྱས་ཚང་མ་ཕེབས་ཤོག ཤམ་བུ་འདི་གུས་པ་རང་ཉིད་ཀྱིས་བཙེམས་པ་ཡིན་པས། ཁ་བྲོ་པོ་ཞེ་དྲག་ཡོད”ཅེས་སྐལ་བཟང་གིས་སེམས་རྩ་འཁོལ་པོས་ཤམ་བུ་ངོ་སྤྲོད་བྱས་ནས་སྐུ་མགྲོན་ཚོའི་ཤམ་བུ་ཉོ་བའི་ཡིད་དབང་འགུག་བཞིན་མཆིས། ཤམ་བུ་ནི་སྒོ་དང་སྒེའུ་ཁུང་གི་ཐོད་དུ་འགེལ་བ་དང་། སྤྱིར་ཚོན་མདོག་སྣ་ལྔའི་གོས་ཆེན་དང་གྲུའུ་ཙེ་ལས་བཙེམས་ཤིང་། གཞི་གཙོ་བོ་ཚོན་མདོག་དཀར་པོ་ཡིན་པ་གང་ཞིག་ལ། སྔོ་སེར་དམར་སོགས་པའི་རས་ཆས་མཐའ་རྒྱན་གཏོང་སྲོལ་ཡོད་པ་རེད། བོད་དུ་ལོ་གཅིག་ལ་ཁང་པའི་སྒོ་དང་སྒེའུ་ཁུང་གི་ཤམ་བུ་ཐེངས་རེ་བརྗེ་སྲོལ་ཡོད་པ་དང་། ཤམ་བུ་གསར་པ་བརྗེས་པའི་ཁང་པ་ལས་ལོ་གསར་གྱི་ཐུན་མིན་རྣམ་པ་གསལ་ལེར་མངོན་གྱི་ཡོད།

    ད་ལོ་ལོ་44ལ་སླེབས་པའི་སྐལ་བཟང་ནི་ལོ་14ནས་བཟུང་ཤམ་བུ་ཚོང་བའི་ལས་ལ་ཞུགས་པ་དང་། ད་བར་ཤམ་བུ་བཙོངས་ནས་ལོ་30ལྷག་ཙམ་འགྲོ་གི་ཡོད་པ་རེད། “རས་ཀྱི་རྒྱུ་ཆ་དང་རི་མོར་གཞིགས་ནས་ཤམ་བུའི་གོང་ཚད་ཀྱང་མི་འདྲ་བ་ཡོད། ཤམ་བུ་གོང་ཁེ་བར་རིང་ཚད་སྨི་གཅིག་ལ་སྒོར་5དང་། གོང་མཐོ་བར་རིང་ཚད་སྨི་གཅིག་ལ་སྒོར་80ལྷག་ཙམ་བྱེད་ཀྱི་ཡོད”ཅེས་སྐལ་བཟང་གིས་གསར་འགོད་པར་ངོ་སྤྲོད་བྱས། སྐལ་བཟང་གིས་བཙེམས་པའི་ཤམ་བུའི་སྤུས་ཀ་ཡག་པའི་ཁར། རི་མོ་ཞིབ་ཚགས་ལ་བཟོ་ལྟ་ལེགས་པས། ཤམ་བུ་ཉོ་མཁན་གྱི་རྒྱུན་ཆད་རྒྱུ་མེད་པས། ཉིན་གཅིག་ལ་ཤམ་བུ་བཙོངས་པའི་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་གྱི་ཡོད་པ་རེད།

    ལོ་ཏོག་གསར་པའི་ཕུད་དེ། ལོ་ཕུད་ཀྱིས་ལོ་གསར་པར་ལོ་ལེགས་ཡོང་བའི་རྟགས་དང་རྟེན་འབྲེལ་མཚོན་པར་བྱེད། ལོ་62ལ་སླེབས་པའི་བསོད་ནམས་དང་ཁོང་གི་ཚ་མོ་བྲེལ་བས་མགོ་བོར་མེ་ཤོར་ཡང་འཕུར་འཕུར་གཏོང་ལོང་མེད་པ་ལྟར་སྐུ་མགྲོན་གྱིས་ཉོས་པའི་ལོ་ཕུད་ལ་ཐུམ་སྒྲིལ་རྒྱག་བཞིན་འདུག “ཨ་ཁུ་བསོད་ནམས་ཀྱིས་བཏབ་པའི་ལོ་ཕུད་དཔེ་ཡག་པོ་འདུག སྤྱིར་བཏང་ལོ་ལྟར་ཁོང་གི་ས་ནས་ལོ་ཕུད་ཉོ་གི་ཡོད”ཅེས་ལག་གཡས་སུ་ལོ་གསར་མེ་ཏོག་དང་ཆ་ཡིག་ཁྱེར་བའི་ལྷ་སྒྲོན་གྱིས་བཤད་པ་དང་། ཁྱིམ་ལ་མཛེས་རྒྱན་སྤྲས་ནས་ཁྲ་ཁྲ་སིལ་སིལ་ཆགས་ན། གཞི་ནས་ལོ་གསར་གྱི་རྣམ་པ་མངོན་ཡོང་གི་འདུག་ཅེས་ཁོ་མོས་མུ་མཐུད་དེ་བཤད།

    “བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་བྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག” ལོ་གསར་གྱི་སྨོན་ཚིག་བཟང་པོ་དང་འགྲོགས་ནས་རྒྱ་ཆེའི་མང་ཚོགས་རྣམས་དགའ་སྐྱིད་རྫོགས་ལྡན་གྱི་ལོ་གསར་ཞིག་གཏོང་ཐུབ་ཆེད། ས་གནས་ཁག་གི་སྲིང་གཞུང་གི་སྣེ་ཁྲིད་དང་ཁྲོམ་རའི་མཁོ་སྤྲོད་ནུས་པའི་འོག ཚོང་པས་སྔོན་ཚུད་ནས་ལོ་གསར་ལ་ཉེ་བར་མཁོ་བའི་ཚོང་ཟོག་སྣ་ཚོགས་གྲ་སྒྲིག་བྱས་ཡོད་པས། ཕྱོགས་མཚམས་ཀུན་ཏུ་བཀྲ་ཤིས་ལོ་གསར་འཆར་ལ་ཉེ་བའི་རྣམ་པ་འཁྲུག་ཆ་རབ་ཏུ་དོད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།