དབུ་ཤོག
  • རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཚམས་འདྲིའི་ཡི་གེ་སྤྲིངས་པ།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-15

     ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཚམས་འདྲིའི་ཡི་གེ་སྤྲིངས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། འཚམས་འདྲིའི་ཡི་གེའི་ནང་དོན་ཆ་ཚང་གཤམ་གསལ།

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་མི་རིགས་ཁག་གི་མང་ཚོགས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ། སྔོན་གཤེགས་དཔའ་བོ་དང་དམག་མིའི་ནང་མི། རྨས་སྐྱོན་ཕོག་པ་དང་དབང་པོ་སྐྱོན་ཅན་དམག་མི། དམག་ཞབས་ཐིམ་སྟེ་ལས་སྒྱུར་བྱས་པའི་དམག་མི། ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་བཅས་ལ།

    2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་འདིར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་གི་ཡིན།

    2025ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དང་། གཞིས་རྩེའི་དིང་རིའི་ས་ཡོམ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ་བཅས་ལས་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་གདེང་ཚོད་དང་ཆོད་སེམས་ཧ་ཅང་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱས་པ་དང་། “དོན་ཆེན་བཞི”དོན་འཁྱོལ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ། དིང་རིའི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྒྱལ་ཁའི་ངང་འགོ་བཙུགས་པ་བཅས་བྱས་སྟབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་ལ་གསར་པ་ཞིག་སྤོ་ཐུབ་ཡོད།

    འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་།ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱས་པ། ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ངང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་མཉམ་དུ་བསྐྲུན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་བཅས་དུས་བདེ་འཆམ་མཐུན་ཁྲོད་ལྷིང་འཇགས་ཀྱི་འཚོ་བར་རོལ་བ་དང་ཞི་མཐུན་མཉམ་གནས་ཡོང་བར་བྱས་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་གང་མགྱོགས་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་གཏོང་གི་བོད་ཀྱི་གླེང་སྟེགས་སྐབས་གཉིས་པར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་གཅིག་ཏུ་བསྒྲིལ་བ། “མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར་བའི”དྲིལ་བསྒྲགས་སློབ་གསོ་ཡོངས་སུ་ཁྱབ་པ། “ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་མེས་རྒྱལ་གྱི་འཕེལ་རྒྱས་ཡར་ཐོན་དངོས་སུ་མྱོང་ཚོར་ཐུབ་པར་བྱས་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོའི་ཆུ་ཚད་མཐོ་རུ་བརྟན་པོ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་དེ་བས་ལེགས་པ་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་པས། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་ཐུབ་པ་བཅས་བྱུང་ཡོད།

    དཔལ་འབྱོར་འཕེལ་རྒྱས་ཀྱི་གྲངས་ཚད་དང་སྤུས་ཚད་གཉིས་འཕར་བྱུང་ནས་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000གི་སྐས་རིམ་དུ་ཐོག་མར་བསླེབས་ཏེ་7%འཕར་བ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་མཐུད་བསླེབས་ཡོད། “ཐོན་ལས་ཆེན་པོ་དགུ”དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་སྐྲུན་འགོ་བཙུགས་པ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ། “བདེ་སྐྱིད་ལྡན་པའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས” ཀྱི་མཛེས་སྡུག་ལྡན་པའི་མིང་བྱང་ས་ཕྱོགས་གང་སར་སྐད་གྲགས་ཆོད་པ། ཚན་རྩལ་གསར་གཏོད་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་མཐུན་རྐྱེན་སྦྱར་བས་སྤུས་འབྲས་ལེགས་གཉེར་བྱུང་བ། “ཡར་ཀླུང་གཙང་པོ་ཨང་དང་པོ”རིག་རྩིས་ལྟེ་གནས་ཀྱི་རྩིས་རྒྱག་ནུས་པ་ཆེན་པོ་ཐོན་པ། དམའ་དབྱིངས་དཔལ་འབྱོར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཟོ་ལས་གསར་པ་རྒྱུན་ཆད་མེད་པར་མཐོ་རིམ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཐོག་ཕྱོགས་ཁག་གི་བློ་གྲོས་གཅིག་ཏུ་འདུས་ནས་བོད་ལྗོངས་ཀྱི་འབྱུང་འགྱུར་སྐོར་མཉམ་དུ་གླེང་བས་བོད་ཀྱི་སྒོ་དབྱེའི་རིམ་པ་དང་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབས་ཡོད།

    “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”དང་རྟེན་འབྲེལ་ཆེན་པོའི་དམངས་འཚོའི་རྣམ་གྲངས་ལག་ལེན་གཏིང་ཟབ་བསྟར་ཏེ། མ་དངུལ་སྒོར་དུང་ཕྱུར་187དོན་འཁྱོལ་བྱས་ནས་དམངས་འཚོའི་བྱ་བ་དངོས་ཁག་38ཡག་པོ་བསྒྲུབས་ཡོད། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལྷག་ཙམ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་6%དང་7.4%འཕར་ཡོད། བོད་ལྗོངས་འཛིན་གྲྭའི་ལོའི་སློབ་མ་བསྡུ་བའི་མི་གྲངས་ཁྲི་1.1ལྷག་ཙམ་ཟིན་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ལོ་རེར་སློབ་མ་རེའི་ཆ་སྙོམས་ཀྱི་ཁ་གསབ་ཚད་གཞི་སྒོར་5700བར་མཐོ་རུ་བཏང་བ་རེད། མི་དམངས་ཀྱི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་བོད་ཀྱི་ལུས་རྩལ་པ་རྣམས་ཀྱིས་རྩལ་འགྲན་ར་བར་གྲུབ་འབྲས་བཟང་པོ་ཡང་ཡང་བཏོད་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་ཡན་ལག་ཚོགས་ར་ལྷ་སར་ཐོག་མར་བཙུགས་པས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་གསར་པ་འཕེལ་ཡོད། “རྒན་གཅིག་གཞོན་གཅིག”ལ་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་ཐུབ་ནས་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་དམངས་འཚོའི་མཐའ་ཚད་སྔར་བས་བརྟན་པོ་སྲུང་ཐུབ་ཡོད། ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོབ་དང་གྲོང་ཁྱེར་རྙིང་པ་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་བ་དང་། དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་པ་ཐོབ་པ། ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་གྲོང་ཁྱེར་གསར་བརྗེས་བྱས་པས་གནས་འཕྲོད་ཀྱི་རྨང་གཞི་དེ་བས་ལེགས་སུ་ཕྱིན་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་180ཡི་རྣམ་པ་རྙིང་པ་གསར་པར་བསྒྱུར་བས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་དེ་བས་མཛེས་སུ་ཕྱིན་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རིམ་རྩིས་བརྒྱབ་ན། ནགས་བཟོ་ནགས་སྐྱོང་མུའུ་ཁྲི་110ལྷག་ཙམ་བྱས་པ་དང་། ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་མཐུད་བསླེབས་པ། ས་ཁུལ(གྲོང་ཁྱེར)7ཚང་མ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་དུ་བསྐྲུན་ཐུབ་པ། སྐྱེ་ཁམས་དམངས་ཕྱུག་ཐོན་ལས་གང་མགྱོགས་འཕེལ་རྒྱས་ཕྱིན་པ། “རི་སྔོན་ཆུ་དྭངས”ཀྱི་སྐྱེ་ཁམས་རིན་ཐང་རྒྱུན་ཆད་མེད་པར“གསེར་རི་དང་དངུལ་རིའི”དམངས་འཚོའི་བདེ་རྩར་འགྱུར་བཞིན་ཡོད། དེང་གི་བོད་ལྗོངས་སུ་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་རྡུལ་དག་པ། ཆུ་མོ་དེ་བས་དྭངས་ཤིང་གཙང་བ། ཡུལ་ལྗོངས་དེ་བས་མཛེས་པ་བཅས་ཡོད་པས། སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མཐའ་མཚམས་ས་ཁུལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་དང་། རིག་གནས་ཡུལ་སྐོར། ཁྱད་ལྡན་འདེབས་གསོ་སོགས་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་གང་མགྱོགས་འཕེལ་རྒྱས་བཏང་བ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ། མང་ཚོགས་དེ་བས་མང་བ་མཐའ་མཚམས་ཀྱི་འཐབ་ས་དང་པོར་གཞིས་ཆགས་ནས་ལས་རྣམ་ཀུན་དར་བྱུང་བ་བཅས“མཐའ་མཚམས་མི་སེར་ཕྱུག་པོ”དང“མཐའ་མཚམས་དར་རྒྱས”གཅིག་གྱུར་དམ་ཟབ་མངོན་འགྱུར་བྱུང་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་དེ་བས་ཆེ་རུ་ཕྱིན་པ་དང་སྒྲོལ་དཀར་དང་གཡང་འཛོམས་འདྲ་བའི་རྒྱལ་གཅེས་མཐའ་སྲུང་གི་དཔེ་བཟང་བ་ཟམ་མི་ཆད་པར་ཐོན་ནས། དེ་བས་རང་རྟོགས་དང་བློ་བརྟན་འགྱུར་མེད་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་པས། མཐའ་མཚམས་མི་དམངས་ཕྱུག་པོར་གྱུར་བ་དང་། མཐའ་མཚམས་མཛེས་པ། མཐའ་མཚམས་བརྟན་ལྡིང་། མཐའ་སྲུང་སྲ་བརྟན་བཅས་ཀྱི་འཆར་འགོད་རི་མོ་ཞིག་བརྩམས་དང་རྩོམ་བཞིན་ཡོད།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་ཆད་མེད་པར་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་པ་དང་ལག་ལེན་བསྟར་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ལོ་ལྔ་བསྟུད་མར་དམ་འཛིན་ལྷོད་མེད་བྱས་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། རུལ་སུངས་ལ་ཆད་གཅོད་དང་ལྐོག་ཟ་གཙང་སེལ་ལ་རྒྱུན་མཐུད་ཟིལ་གནོན་ཤུགས་ཆེན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་བཅས་བྱས་ཡོད།

    2025ལོར་ཕྱིར་མིག་བལྟས་ཚེ། འདས་ཟིན་པའི་དུས་ཚོད་ནང་ང་ཚོས་འགག་སྒྲོལ་དཀའ་སེལ་བྱས་པའི་རྐང་རྗེས་བརྟན་པོ་བཀོད་ཡོད་ལ། གངས་ལྗོངས་ས་མཐོའི་མཐུན་སྒྲིལ་ཡར་བརྩོན་གྱི་གསོན་ཉམས་ལྡན་པའི་ལེའུ་ཟིན་ཐོར་བཀོད་ཡོད། བརྟན་སྲུང་རེ་རེ་ཡིད་ལ་འཆང་རིན་ཡོད་པ་དང་བློས་གཏོང་རེ་རེ་ལས་འོད་སྟོང་འཕྲོ་བཞིན་ཡོད། མཚམས་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྲོགས་པོ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། འཆར་གཞི་བཀོད་ཟིན་ལ་དུང་བརྡ་ཡང་གྲགས་ཟིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་ཀའི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང“དོན་ཆེན་བཞིར” དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཡིད་ཆེས་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་སྙིང་དབུས་ནས་ཞུ་གི་ཡིན།

    ལྗོངས་ཡོངས་ཀྱི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་སྙིང་དབུས་ནས་ཞུ་གི་ཡིན།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་།

    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

    2026ལོའི་ཟླ་2ཚེས་14ཉིན།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།