དབུ་ཤོག
  • བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ།

    ​ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-15


    ཟླ་2ཚེས་12ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཤིས་ཚིག་སྒྲོན་བཞིན་པ།

    ཟླ་2ཚེས་12ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཤིས་ཚིག་བསྒྲོན་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་གྲོགས་པོ་ཚང་མར་ལོ་གསར་གྱི་རྟེན་འབྲེལ་ཞུས་པ་དང་འབྲེལ་དུས་ཆེན་གྱི་སྨོན་འདུན་བཟང་པོའང་ཞུས་པ་རེད།

    ཡན་ཅིན་ཧའེ་དང་ལིའུ་ཅང་དང་། ལེགས་མཆོག་དང་པ་སངས་སོགས་འགོ་ཁྲིད་རྒན་གྲས་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཞུགས་པ་དང་ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ་རེད།

    ལྷ་ས་གསོལ་མགྲོན་ཁང་གི་བཀྲ་ཤིས་ཚོམས་ཆེན་དུ་གློག་འོད་རབ་ཏུ་འཚེར་ཞིང་། དགའ་སྤྲོ་དང་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་རྣམས་ལྷན་དུ་འཛོམས་ནས་དཀར་གཙང་མཇལ་དར་སྒྲོན་རེས་གནང་བ་དང་། མཛའ་མཐུན་གྱི་བཀའ་མོལ་ལྷུག་པོར་གླེང་ནས་དཔྱིད་གསར་དུས་ཆེན་མཉམ་དུ་བསུས་པ་རེད།

    ཝང་ཅུན་ཀྲེང་གིས་ཤིས་ཚིག་སྒྲོན་སྐབས། 2025ལོ་ནི་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། དེ་ལས་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་གདེང་ཚོད་དང་ཆོད་སེམས་ཧ་ཅང་ཆེ་རུ་ཕྱིན་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་ཕྱོགས་ཡོངས་ནས་མངོན་པ་དང་།  ལོ་ངོ་60ཡི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་དུ་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་སྟོན་པ་མ་ཟད། ཕྱི་ཕྱོགས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་དང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བློ་སྟོབས་བརྟན་པོ་མངོན་པར་བྱས་ཡོད། དིང་རིའི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ལེགས་པར་བསྒྲུབས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པས། “གནོད་འཚེ་ཕོག་པའི་ལོ་དེ་རང་ལ་སྡོད་ཁང་བསྐྱར་སྐྲུན་དང་གནས་སྤོ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱུང་བ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་མངོན་གསལ་དོད་པོས་མངོན་ཡོད། “དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་ལྷོད་མེད་བྱས་པས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཁ་བཟང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཉིན་རེ་བཞིན་བརྟན་དུ་ཕྱིན་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་མགྱོགས་པོ་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་དང་ནུས་ཆེའི་སྒོ་ནས་འཕེལ་རྒྱས་ཕྱིན་ཏེ “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་ཐུབ་པ་བྱུང་ཡོད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”རྒྱུན་མཐུད་ལག་བསྟར་གཏིང་ཟབ་བྱས་པས། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལྷག་ཙམ་ཟིན་པ་དང་། ནང་སའི་བོད་ལྗོངས་འཛིན་གྲྭར་ལོར་སློབ་མ་བསྡུ་ཚད་ཁྲི་1.1ཟིན་པ། “དམིགས་པ་ལྔ”ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་ནུས་ལྡན་ཐུབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་དང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར” ཤུགས་བརྒྱབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་བསྐངས་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།