དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྟ་ལོའི་ལོ་གསར་མཉམ་དུ་རོལ། མཛའ་གྲོགས་བརྩེ་བ་ཟབ་ཏུ་ཕྱིན།

    ——2026ལོའི་པེ་ཅིང་དུ་ཡོད་པའི་ཕྱི་སྦྱོང་སློབ་མའི་དཔྱིད་གསར་དུས་ཆེན་གྱི་མཐུན་འབྲེལ་འདུ་ཚོགས་ཀྱི་ཟུར་བཀོད།

  • ཡོང་ཁུངས།  མི་དམངས་ཉིིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེན་ཧྲང་ཝུན།   |     སྤེལ་དུས།  2026-02-14

    ཉེ་ཆར། པེ་ཅིང་གྲོང་ཁྱེར་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཆེས་མཛེས་ཤོས་ཀྱི་དཀྱིལ་ཐིག སྤྲོ་སྣང་ལྡན་པའི་ཀྲུང་གོའི་ལོ་སྟེ། 2026ལོའི་པེ་ཅིང་དུ་ཡོད་པའི་ཕྱི་སྦྱོང་སློབ་མའི་དཔྱིད་གསར་དུས་ཆེན་གྱི་མཐུན་འབྲེལ་འདུ་ཚོགས”པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་35ནས་ཡོང་བའི་ཕྱི་སྦྱོང་སློབ་མ་60ལྷག་ཙམ་དང་དེ་བཞིན་ཕྱི་རྒྱལ་གྱི་གྲོགས་པོ་མཉམ་དུ་འཛོམས་ནས། པེ་ཅིང་དཀྱིལ་ཐིག་ཏུ་བྱུང་བའི་སྔོན་ཆད་དང་ད་ལྟའི་གནས་ཚུལ་ཤེས་རྟོགས་ཟབ་མོ་བྱས་ཏེ། ཀྲུང་གོའི་ལུགས་རྙིང་གི་རྟ་ལོའི་དཔྱིད་གསར་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།

    མཐུན་འབྲེལ་འདུ་ཚོགས་ཐོག པེ་ཅིང་དཀྱིལ་ཐིག་ཏུ་གནས་པའི་ལོ་རྒྱུས་ཤུལ་བཞག་སྐོར་གྱི་དང་བ་འདྲེན་པའི་ཤེས་བྱའི་དྲི་བ་དྲིས་ལན་ནས་འགོ་བརྩམས་པས་འདུ་ཚོགས་ཀྱི་རྣམ་པ་དེ་མ་ཉིད་དུ་འཁྲུག་ཏུ་སོང་ཞིང་། “པེ་ཅིང་དཀྱིལ་ཐིག་གི་རིང་ཚད་སྤྱི་ལེ་7.8ཡོད” “བྱང་ངོས་ནི་རྔ་ཁང་ཡིན” “ལྷོ་ངོས་ནི་ཡུང་ཏིང་སྒོ་མོ་ཡིན”ཞེས་པ་ལ་སོགས་པའི་ལན་ཧུར་ཐག་འདེབས་པའི་ཁྲོད་ཕྱི་སྦྱོང་སློབ་མ་ཚོས་པེ་ཅིང་གྲོང་ཁྱེར་གྱི་བཀོད་པ་དང་ཀྲུང་གོའི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་ཚད་སྔར་བས་ཟབ་ཏུ་ཕྱིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་གྲོང་ཁྱེར་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་ད་ལོ་པེ་ཅིང་དུ་ཡོད་པའི་རྒྱལ་ཁབ་ཁག་གི་གྲོགས་པོར་དམིགས་ནས“གནམ་འོག་གི་གྲོགས་པོ་པེ་ཅིང་དུ་འཛོམས”ཞེས་པའི་རྒྱལ་སྤྱིའི་གྲོགས་པོའི་ཁྱིམ་གཞིས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། 2026ལོར་པེ་ཅིང་དུ་ཡོད་པའི་ཕྱི་སྦྱོང་སློབ་མའི་དཔྱིད་གསར་དུས་ཆེན་གྱི་མཐུན་འབྲེལ་འདུ་ཚོགས་ནི་བྱེད་སྒོ་དེ་དག་ཁྲོད་ཀྱི་ཐོག་མ་དེ་ཡིན་པ་རེད།

    སྒྱུ་རྩལ་འཁྲབ་སྟོན་ཡང་ངོ་མཚར་ཆེ་བ་ཞིག་ཏུ་སྣང་བ་སྟེ། ཕྱི་སྦྱོང་སློབ་མ་ཚོ་གཅིག་རྗེས་གཉིས་མཐུད་ངང་གར་སྟེགས་ཐོག་འོང་ནས་ཏུར་མེན་སི་ཐན་གྱི་སྲོལ་རྒྱུན་ཞབས་བྲོ་འཁྲབ་པ་ནས་ཀྲུང་གོའི་སྲོལ་རྒྱུན་གྱི་དྲག་རྩལ་རྩེ་བའི་བར་དང་། ཀྲུང་གོའི་གནའ་བོའི་སྙན་ངག《ཡོན་རི》དང《མཚན་མོའི་ཁ་བ》ཞེས་པ་བརྩེ་བ་ཟབ་མོས་གྱེར་འདོན་བྱེད་པ་ནས《གནམ་ས་གསར་པ》དང《སྤྲོ་སྣང་ལྡན་པའི་ཀྲུང་གོའི་ལོ》ཞེས་པའི་ཡིད་དབང་འཕྲོག་པའི་གླུ་གཞས་གཏོང་བའི་བར་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་གར་སྟེགས་ཐོག་མཉམ་འདྲེས་ཐུབ་ནས་ས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་མི་ཆད་མེད་པར་གྲགས།

    མཉམ་འཛོམས་བདེ་སྐྱིད་ཀྱི་དོན་མཚོན་པའི་ཆུ་མོག་སྒྲིལ་བ་དང་། སྐྱིད་སྣང་དོད་པའི་འཚོ་བ་སྟོན་པའི་རྒྱུག་པ་སྐྱུ་རུའི་མངར་ཚི་བཟོ་བ། བཀྲ་ཤིས་བདེ་སྐྱིད་ཀྱི་དོན་ལྡན་པའི་ལོ་གསར་རི་མོ་པར་ལ་རྐོ་བ་སོགས་ཕུན་སུམ་ཚོགས་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་བྱེད་སྒོ་ཚོར་ཐུབ་པ་བྱུང་སྟེ་ཕྱི་སྦྱོང་སློབ་མ་ཚོས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་མཉམ་འཛོམས་དང་། བཀྲ་ཤིས་པ། མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་བྱེད་པ་བཅས་ཀྱི་ནང་དོན་ལ་རྒྱུན་ལོན་ཟབ་མོ་བྱུང་བ་རེད།

    ཁམ་ཕུ་ཁྲེ་ནས་ཡིན་པའི་ཀྲུང་གོའི་ས་གཤིས་སློབ་ཆེན(པེ་ཅིང)གྱི་ཕྱི་སྦྱོང་སློབ་མ་ཧྲེ་ཡུས་ཙེ་ཡིས། ངས་དགའ་ཤོས་བྱེད་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་ཁྲོད་ནས་ནང་མི་མཉམ་འཛོམས་ཀྱིས་ལོ་གསར་གྱི་དགོང་ཟས་བཟའ་རྒྱུ་དེ་ཡིན་ཞེས་བཤད་པ་དང་། ཁོང་གིས་ད་ཆ་ཕ་ཡུལ་དང་ས་ཐག་ཆོད་ཀྱང་། ཀྲུང་གོར་དགེ་སློབ་ཚོ་དང་མཉམ་དུ་དུས་ཆེན་ལ་རོལ་རྒྱུ་བྱུང་བ་དེས་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་འོང་གི་འདུག “དཔྱིད་གསར་དུས་ཆེན་ནི་འབྲེལ་ཟམ་ཞིག་དང་འདྲ་བར་རྒྱལ་ཁབ་མི་འདྲ་བའི་མི་རྣམས་མཉམ་འདྲེས་ཐུབ་ཀྱི་ཡོད”ཅེས་བཤད།

    རྒྱལ་སའི་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དབྱི་རན་བ་རེན་ཏིན་གྱིས། “ཀྲུང་གོ་ནི་སྲོལ་རྒྱུན་རིག་གནས་ལ་བརྩི་མཐོང་ཆེ་ཞིང་འཕེལ་རྒྱས་མགྱོགས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཟབ་ལ་ཤུགས་རྐྱེན་ཤིན་ཏུ་ཆེ་བས། སྲོལ་རྒྱུན་དུས་ཆེན་གྱིས་ད་ལྟའི་བར་དུ་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ནང་གནས་བབ་གལ་ཆེན་བཟུང་ཡོད་ལ། ཀྲུང་གོའི་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་ཚན་རྩལ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་ཅེས་མྱོང་ཚོར་ཟབ་མོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།