2026ལོའི་དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་བདེ་བླག་ངང་གཉེར་བ།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཚེས་10ཉིན་ཧྥ་རན་སེའི་ཕ་རི་སིར་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་2026ལོའི་དཔྱིད་གསར་དུས་ཆེན་གྱི་ཆོགས་མཆོད་བྱེད་སྒོ་སྤེལ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨའེ་ནཱ་ཉི་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐཱ་ཨར་ཧ་སོགས་བྱེད་སྒོར་ཚུགས་ནས་ཤིས་ཚིག་བསྒྲོན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་རྒྱལ་ཁབ་མང་པོའི་འཐུས་མི་དང་དེ་བཞིན་ཕྱོགས་ཁག་གི་སྐུ་མགྲོན་ཁྱོན་500ལྷག་ཙམ་བྱེད་སྒོར་ཞུགས་ནས་ཀྲུང་གོའི་སྲོལ་རྒྱུན་གྱི་ལུགས་རྙིང་ལོ་གསར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།
ཨའེ་ནཱ་ཉི་ཡིས་ཤིས་ཚིག་ནང་བརྗོད་དོན། རྟ་ཡིས་བློ་སྟོབས་དང་ཡར་རྒྱས་མཚོན་པ་དང་འགྲན་སློང་འཕྲད་སྐབས་མུ་མཐུད་མདུན་སྐྱོད་བྱེད་པའི་བསམ་པའི་སྙིང་སྟོབས་མཚོན་གྱི་ཡོད། དཔྱིད་གསར་དུས་ཆེན་དེ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་བྱའི་མིང་ཐོའི་ནང་བཅུག་པ་དེས་གོ་ལ་ཧྲིལ་པོར་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་མངོན་པ་མ་ཟད། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་མིག་དཔེ་ལྟ་བར་ཡང་སྒུལ་ཤུགས་གསར་པའང་བསྣན་ཡོད། མིག་སྔར་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་པའི་རྒྱལ་སྤྱིའི་ཁོར་ཡུག་འོག་དཔའ་ངར་མདུན་སྐྱོད་ཀྱི་སྙིང་སྟོབས་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས་ཀྲུང་གོ་དང་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་འདོད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་གོ་ཐོབ་ལྡན་པའི་འཐུས་ཚབ་དབྱང་ཤིན་ཡུས་ཀྱིས་བརྗོད་དོན། དཔྱིད་གསར་དུས་ཆེན་གྱིས་ལུགས་རྙིང་ལོའི་ལོ་གསར་འགོ་ཚུགས་པ་མཚོན་གྱི་ཡོད་ལ་ནང་མི་མཉམ་འཛོམས་དང་། དགའ་བདེའི་དཔལ་ལ་རོལ་བ། རེ་བ་རྒྱུན་འཛིན་བྱེད་པ་བཅས་ཀྱི་དུས་སྐབས་གལ་ཆེན་ཞིག་ཡིན་པའང་མཚོན་གྱི་ཡོད། ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་དེ་ཚོགས་མཆོད་ཀྱི་རྣམ་པའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ་སྤེལ་ཏེ། སྐུ་མགྲོན་ཚོར་ཀྲུང་གོའི་དུས་ཆེན་གྱི་སྲོལ་རྒྱུན་གོམས་སྲོལ་མྱོང་ཚོར་ཟབ་མོ་ཐུབ་པར་བྱས་ཡོད། གོམས་སྲོལ་དེ་དག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་ལས་ཀྲུང་ཧྭ་མི་རིགས་ཀྱིས་ཁྱིམ་ཚང་ལ་མཐོང་ཆེན་དང་། སྲོལ་རྒྱུན་ལ་བརྩི་འཇོག ཤེས་དཔལ་རྒྱུན་མཐུད་བཅས་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པ་དང་དུས་མཚུངས་སུ་ཀྲུང་ཧྭའི་རིག་གནས་ཀྱི་གཏིང་ཟབ་པའི་ལོ་རྒྱུས་དང་དུས་རབས་ཀྱི་རིན་ཐང་ཡང་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།