ཀྲུང་གོའི་ཁེ་ལས་མཁས་ཅན་འཐུས་མི་ཚོགས་པས་ཐུར་ཁེར་འཚམས་འདྲི་བྱས་པ།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཐུར་ཁེའི་དབྱི་སི་ཐན་པུར་དང་ཨན་ཁ་རར་འཚམས་འདྲི་བྱས་ཏེ། ཀྲུང་གོ་དང་ཐུར་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐེན་ཅིན་ཞལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱས་ནས། བཟོ་ཚོང་ལས་རིགས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་བ་རེད།
འཚམས་འདྲི་བྱེད་རིང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཐུར་ཁེའི་སྲིད་གཞུང་དང་ཚོང་དོན་ལས་རིགས་མི་སྣ་དང་སྤེལ་རེས་རྒྱ་ཁྱབ་བྱས་པ་དང་། ཀྲུང་གོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་གནས་ཚུལ་གཙོ་གནད་ཐོག་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་མ་ཟད། ཀྲུང་གོ་བཟོ་ཚོང་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཐུར་ཁེ་ཕྱོགས་དང་ལག་གདང་སྦྲེལ་ནས་བཟོ་ཚོང་ལས་རིགས་ཀྱིས“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་འདོན་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་འདོད་ཡོད་ཅེས་ནན་བཤད་བྱས་པ་དང་། ཁོང་གིས་ཐུར་ཁེ་ཕྱོགས་འཁོར་འབྲེལ་འགྲེམས་ཚོགས་སྐབས་བཞི་པར་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཐུར་ཁེ་ཕྱོགས་ཀྱི་སྲིད་ཚོང་ལས་རིགས་མི་སྣས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཉེན་གཤིས་ལ་ཚད་མཐོའི་གདེང་འཇོག་བྱས་ནས། ཕྱོགས་གཉིས་པོར་མཁོ་སྤྲོད་འཁོར་འབྲེལ་ཐད་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པའི་ངོས་འཛིན་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཚོང་དོན་དང་མ་འཇོག་མཉམ་ལས་མུ་མཐུད་རྒྱ་ཆེར་བཏང་ནས་གཉིས་མོས་མཉམ་འབོད་ཀྱི་བརྒྱུད་རིམ་ཁྲོད་ཕན་ཚུན་གྲུབ་འབྲས་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
དེའི་རིང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཐུར་ཁེའི་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་བ་ཨུ་ལྷན་དང་ཐུར་ཁེའི་བཟོ་ཚོང་ལས་རིགས་པའི་མཐུན་ཚོགས་དབར་ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་སྐབས་གསུམ་པ་གཉེར་བ་མ་ཟད། སྒྲིག་གཞི་གཉིས་དང་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མུ་མཐུད་མིང་རྟགས་བཀོད་པ་རེད། ཀྲུང་གོ་དང་ཐུར་ཁེའི་ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་གྱིས་གཙོ་གནད་མཉམ་ལས་ཁྱབ་ཁོངས་ལ་དམིགས་ནས་སྤེལ་རེས་དང་གྲོས་མོལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།