དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག《བརྡ་ཐོ》བཀྲམ་པ།

    སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་བྱེད་པར་ཤུཌ་སྣོན་རྒྱག་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-14

    འདི་ལོ་ནས་བཟུང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གཅིག་རྗེས་གཉིས་མཐུད་ངང་སྐབས་བརྗེ་རྒྱུ་རེད། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། སྐབས་བརྗེའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་དང་སྲོལ་བཟང་སྤྱོད་བཟང་གི་སྐབས་བརྗེའི་ཁོར་ཡུག་སྐྲུན་ཆེད། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག《སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། ས་གནས་ཁག་གིས་སྐབས་བརྗེའི་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    《བརྡ་ཐོའི》ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་རྒྱུན་མཐུད་བྱས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། མི་འདེམས་མི་སྤྱོད་ཀྱི་གནས་ཚུལ་དང་དར་སྲོལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་ཏེ་སྐབས་བརྗེའི་དར་སྲོལ་བཟང་པོ་ཆགས་པར་རྨང་གཞི་བརྟན་པོ་བཏིང་ཡོད། དེ་དང་ཆབས་ཅིག་མི་འདེམས་མི་སྤྱོད་ཁྲོད་ཀྱི་རུལ་སུངས་ཀྱི་སྣང་ཚུལ་དང་ཚུལ་མིན་སྤྱོད་ཚུལ་བཀག་འགོག་བྱས་ཀྱང་ད་དུང་མཚམས་ཆད་མེད་པ་མ་ཟད། གནད་དོན་ཁ་ཤས་བསྐྱར་ལོག་ཐེབས་པའི་ཉེན་ཁ་ཡོད་པ་དང་། གནད་དོན་ཁ་ཤས་ལས་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་མངོན་པ། སྐབས་བརྗེའི་ལས་དོན་ལ་ཐེ་ཇུས་དང་གཏོར་བཤིག་གཏོང་བའི་མངོན་མེད་རྐྱེན་ངན་རྦད་དེ་སེལ་ཐུབ་མེད་པས། དེའི་ཐད་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པ་བྱེད་དགོས།

    《བརྡ་ཐོའི》ནང“གཏན་འགོག་བཅུའི”སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་གཏན་འབེབས་ཁ་གསལ་བཟོས་པ་སྟེ། ཕྱོགས་བསྒྲིལ་སྒེར་སྒྲུབ་དང་ཤོག་ཁག་ཆུང་ངུ་འཛུགས་རྒྱུ་གཏན་འགོག་དང་། མགོ་བདེ་སྐབས་འཚོལ་དང་ཁེ་དབང་ཧམ་གཉེར་དང་ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་དང་གྲོགས་པོ་སྒྲིག་རྒྱུ་གཏན་འགོག འདེམས་ཤོག་བསླུ་ཉོ་བྱས་ནས་ལྐོག་འདེམས་བྱ་རྒྱུ་གཏན་འགོག དཔོན་གནས་ཞུ་འཚང་དང་གོ་གནས་ཉོ་ཚོང་བྱ་རྒྱུ་གཏན་འགོག སྒྲིག་འགལ་ངང་ཐེ་ཇུས་དང་མགོ་འདྲེན་མངག་བཅོལ་བྱ་རྒྱུ་གཏན་འགོག མི་སྒེར་གྱི་སྐད་ཆར་ཆ་འཇོག་རྒྱུ་གཏན་འགོག “སྐྱོན་ཅན་མིང་འདོན”དང“སྐྱོན་ཅན་གནས་སྤར”གཏན་འགོག སྒྲིག་འགལ་གྱིས་མི་སྤྱོད་རྒྱུ་གཏན་འགོག མི་བདེན་རྫུན་བཟོ་དང་དཔོན་གནས་རྒྱུག་སློང་བྱ་རྒྱུ་གཏན་འགོག སྐབས་བརྗེའི་ལས་དོན་ལ་ཐེ་ཇུས་བྱ་རྒྱུ་གཏན་འགོག་བཅས་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་གཏན་འབེབས་ལས་འགལ་རིགས་ཚང་མ་སྒྲིག་སྲོལ་དང་། སྒྲིག་ཁྲིམས། ཁྲིམས་ལྟར་བཅས་ཐག་གཅོད་ནན་པོ་བྱེད་དགོས།

    《བརྡ་ཐོའི》ནང་ནན་བཤད་བྱས་དོན། བསམ་བློར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོ་དང་། ཉེན་ཟོན། སྔོན་འགོག་བཅས་སྔོན་ལ་འཇོག་ཐུབ་པ་དགོས། སློབ་སྦྱོང་སློབ་གསོར་ནན་ཏན་ངང་དམ་འཛིན་ཡག་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་རྒྱུན་སྲིང་ལྷོད་མེད་ངང་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཏང་ཡོན་ལས་བྱེད་པ་དང་། འཐུས་མི་དང་ཨུ་ཡོན་ཚོར་སློབ་གསོ་ཁྲིད་སྟོན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དམངས་གཙོའི་དབང་ཆ་ལག་བསྟར་ཡང་དག་བྱེད་དགོས། སྙིང་གཏམ་ཤོས་རེས་དང་གླེང་མོལ་གཏིང་ཟབ་བྱས་ཏེ། ཏང་ཨུད་ཀྱི་ཧྲུའུ་ཅི་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོས་གཙོ་གནད་ལས་གནས་ཀྱི་ལས་བྱེད་པ་དང་འབྲེལ་ཡོད་མི་སྣ་དང་ཆེད་དོན་སྙིང་གཏམ་ཤོད་རེས་དང་གླེང་མོལ་བྱས་ཏེ། ཁོང་ཚོས་སྣེ་ཁྲིད་ནས་སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པའི་དྲན་སྐུལ་བྱེད་དགོས། ཉེན་ཟོན་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་སྤྱད་ནས་ཉེན་ཟོན་སློབ་གསོ་སྤེལ་རྒྱུར་དོ་སྣང་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་འབྲེལ་ཡོད་མི་སྣས་བསླབ་བྱ་དང་དུ་ལེན་པ་དང་། གཅིག་ཤེས་ཀུན་གྲོལ། ཉེན་བརྡ་རྒྱུན་སྒྲོག་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

    《བརྡ་ཐོའི》ནང་ནན་བཤད་བྱས་དོན། ལྟ་སྐུལ་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། ཚུལ་མིན་སྤྱོད་ཚུལ་དག་ཐེར་བྱེད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐོར་གཟིགས་སྐོར་ཞིབ་དང་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་སོགས་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། སྔོན་ནས་དབྱེ་ཞིབ་བརྡར་དཔྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་གྱིས་ཉེན་ཁ་གྲལ་བཤེར་ཕྱོགས་ཡོངས་ནས་གཏིང་ཟབ་བྱེད་དགོས། ཡ་མེད་སྒྲིག་འགལ་དང་། ཐབས་ཟད་ཉེན་མཆོང་། མཐའ་ཚད་ལས་བརྒལ་བ་བཅས་ཀྱི་སྣང་ཚུལ་དང་འཕེལ་ཕྱོགས་ཁག་གཅིག་སྔ་ཙམ་ཤེས་རྟོགས་དང་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སོགས་དང་མཉམ་དུ་སྐབས་བརྗེའི་དར་སྲོལ་ལ་སྐོར་སྐྱོད་ལྟ་བཤེར་བྱེད་དགོས། ཚོགས་ཆེན་ཐོག་འདེམས་བསྐོ་བྱེད་རིང་། གོང་རིམ་གྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མངགས་གཏོང་བྱས་ནས་སྐབས་བརྗེའི་འདེམས་བསྐོ་དང་ཚོགས་སྲོལ་དང་ཚོགས་ཁྲིམས་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ། “12380”དང“12388”སོགས་ཐེར་འདོན་ལས་སྟེགས་དང་། ཡིག་འབུལ་ཞུ་བཅར། དྲ་རྒྱ་སོགས་ཀྱི་ཐབས་ལམ་བེད་སྤྱོད་ཡག་པོ་བྱས་ཏེ། སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་སྐོར་གྱི་ཐེར་འདོན་དུས་ཐོག་ཏུ་བདག་སྤྲོད་དང་སྔོན་ལ་ཐག་གཅོད་བྱེད་དགོས། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། ཐར་པར་གཏན་ནས་མི་གཏོང་བ་མཐའ་འཁྱོངས་བྱེད་པ། སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བ་དང་སྐབས་བརྗེའི་དར་སྲོལ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཐོན་མ་ཐག་ནས་རྡུང་རྡེག་གཏོང་བ། སྒྲིག་སྲོལ་དང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་དང་མགྱོགས་པོ་བཅས་བྱས་ཏེ། བརྡ་ཁྱབ་བཏང་ནས་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོག་བྱས་པ་དང་མ་རུང་ཁོག་བཅངས་ཀྱིས་ཐེར་འདོན་བྱས་པ་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ། ཐེར་འདོན་དོན་དངོས་དང་མི་མཐུན་པའི་རྐྱེན་གྱིས་ཤུགས་རྐྱེན་ངན་པ་ཐེབས་པའམ་ཡང་ན་ཐེབས་བཟོ་ཡོད་པ་དང་དག་འབུད་བྱེད་དགོས་རིགས་ལ། བྱེད་ཐབས་འོས་འཚམ་སྤྱད་ནས་ཁུངས་སྐྱེལ་དག་འབུད་བྱེད་དགོས།

    《བརྡ་ཐོའི》ནང་ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་བྱེད་པའི་ལས་ཀའི་འགན་འཁྲི་ནན་དུ་གཏོང་དགོས། ས་གནས་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་སྒྲུབ་སྐབས་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་བྱེད་པར་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་ཡོང་བར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། འགོ་ཁྲིད་དང་སྤྱི་འདོམས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག སྐབས་བརྗེའི་ལས་དོན་དང་མཉམ་དུ་འཆར་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་། མཉམ་ལས་དམ་ཟབ། མཉམ་ཤུགས་ཆགས་པ་བཅས་བྱེད་དགོས། སྐབས་བརྗེའི་དར་སྲོལ་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ཏེ། འགན་སྒྲུབ་གནད་ལ་མ་འཁེལ་བའི་དབང་གིས་ས་ཁུལ་དེ་གའི་སྐབས་བརྗེའི་དར་སྲོལ་ཡག་པོ་མེད་པ་དང་སྒྲིག་ཁྲིམས་ཉམས་དམས་ཟབ་ཟོབ་ཏུ་གྱུར་ནས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། འབྲེལ་ཡོད་ཏང་རྩ་འཛུགས་དང་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། སྐབས་བརྗེའི་འདེམས་བསྐོ་བྱེད་སྐབས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཤེས་དགོས་རིགས་ཤེས་མེད་པ་དང་། ཤེས་རུང་སྙན་སེང་མ་ཞུས་པ་དང་ཐག་གཅོད་མ་བྱས་པའི་རིགས་ལ་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་མ་ཟད། རིམ་པ་གཅིག་གིས་མཐོ་བའི་འགོ་ཁྲིད་ཀྱི་འགན་འཁྲི་དང་ཏང་རྩ་འཛུགས་ཀྱི་འགན་འཁྲི་ཡང་བདའ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།