ལས་གནས་བརྟན་སྲུང་བྱེད་མཁན་མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་ལི་དབྱིན་པིན་གྱིས་བརྗོད་དོན།
“འཚང་གཡོལ་མཉམ་འཛོམས་ཀྱང་མཉམ་འཛོམས་རེད”
ཟླ་2ཚེས་6ཉིན་གྱི་ཕྱི་དྲོར། G6ཅིང་བོད་མྱུར་བགྲོད་གཞུང་ལམ་ཟི་ལིང་གི་རིན་བསྡུ་ས་ཚིགས་ཤར་མར་རླུང་བུ་བསིལ་བསིལ་ལྡང་ཞིང་ཉི་འོད་རབ་ཏུ་འཚེར།
“གཟའ་ཉི་མར་པ་ལགས་ལས་རེས་བྱེད་དགོས་མ་བྱུང་ན་ང་གཉིས་མཉམ་དུ་ཁྲོམ་སྐོར་བར་འགྲོ དེ་ནས་གློག་བརྙན་བལྟ་བར་ཕྱིན་ན་ཡོང་བ་འདུག་གམ”ཞེས་ཟི་ལིང་གི་རིན་བསྡུ་ས་ཚིགས་ཤར་མའི་འགྲམ་གྱི་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་ཁྲིམས་སྒྱུར་ས་ཚིགས་ནང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག་མཐོ་རིམ་དོ་དམ་ཉིང་ལག་རུ་ཁག་དང་པོའི་རུ་དཔོན་རྒན་པ་ལི་དབྱིན་པིན་གྱིས་ལོ་10ལ་སླེབས་པའི་བུ་མོ་དང་བརྙན་ལམ་ནས་ཁ་པར་རྒྱག་བཞིན་དེ་ལྟར་བཤད།
བརྙན་ཤེལ་ནང་བུ་མོས་དགའ་ཚོར་ཆེན་པོས“ད་གཟའ་ཉི་མར་གཏན་འཁེལ་སོང་། ཁ་བཤད་ལག་བསྟར་གནང་རོགས”ཞེས་བཤད་པར་ལི་དབྱིན་པིན་གྱིས་གཏན་འཁེལ་ཡིན་པའི་ཚུལ་དུ་མགོ་ལྕོག་ལྕོག་བྱེད་ལ་ཁད། ལག་འཁྱེར་མཚེ་འཕྲིན་ནས“འཁོར་རྟགས་མཚོ་A02…ནང་མི་ཚད་ལས་བརྒལ་ནས་བླུགས་འདུག་ཅེས་པའི་ཉེན་བརྡ་འབྱོར” ཁོང་གིས་སྐད་ཤུགས་ཆུང་ངུས་བུ་མོར་གཏད་དེ་པ་ལགས་སྔོན་ལ་ལས་ཀ་བྱེད་པར་འགྲོ་གི་ཡིན”ཞེས་བཤད་ནས་ཁ་པར་བཞག དེ་ནས་ལི་དབྱིན་པིན་གྱིས་སྒོ་ཕྱེ་ཞོར་དུ་མཚེ་འཕྲིན་ནས་རུ་མི་རྣམས་ལ“རླངས་འཁོར་དེ་བཀག་ནས་ཞིབ་བཤེར་བྱེད་རྩིས་གྱིས”ཞེས་བཤད།
“འདི་ནི་ཟི་ལིང་གི‘རྒྱལ་སྒོ་ཤར་མ’རེད། དཔྱིད་གསར་དུས་ཆེན་རིང་ལམ་རིན་བསྡུ་གི་མེད་པས། ཆ་སྙོམས་ཉིན་རེར་ཕར་འགྲོ་ཚུར་འོངས་བྱེད་ཚད་རླངས་འཁོར་ཁྲི་5ལྷག་ཙམ་ཟིན་རྒྱུ་རེད། རུ་ཆེན་གྱི་ཁོངས་གཏོགས་ཁུལ་དུ་ད་དུང་གྲོན་བསྡུའི་ས་ཚིགས་7ཡོད། མི་ཚད་ལས་བརྒལ་ནས་བླུགས་པ་དང་། དངོས་ཟོག་ཚད་ལས་བརྒལ་ནས་བླུགས་པ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པ། ངལ་དུབ་ཆེན་པོས་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་སེལ་ཐུབ་ནའང་། ཚང་མར་མཉམ་འཛོམས་ལོ་གསར་གཏོང་བར་འགན་སྲུང་གཅིག་མང་དུ་འགྲོ་རྒྱུ་རེད”ཅེས་ལི་དབྱིན་པིན་གྱིས་བཤད།
མི་རྣམས་མཉམ་འཛོམས་བྱས་དང་བྱེད་བཞིན་པའི་རྒྱབ་ཏུ་མི་དམངས་ཉེན་རྟོག་པ་དང་ཁོང་ཚོའི་ཁྱིམ་ཚང་གིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅིང་། ལི་དབྱིན་པིན་གྱི་ཆུང་མ་ནི་ཟི་ལིང་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཉེན་རྟོག་པ་ཡིན་པ་དང་། ལོ་ལྟར་གྱི་དཔྱིད་གསར་སྐྱེལ་འདྲེན་རིང་ནི་བཟའ་ཚོ་གཉིས་བྲེལ་བ་ཆེ་ཤོས་རེད། མ་གཞི་གྲོང་ཁྱེར་གཅིག་ཏུ་ཡོད་ཀྱང་། ཁོ་གཉིས་ཀྱི་ལས་སྒྲུབ་དུས་ཚོད་གཅིག་པ་མིན་པས་ཧ་ལམ་ཐུག་འཕྲད་ཡོང་གི་མེད། “ཉེན་རྟོག་པའི་ལས་གནས་བརྟན་སྲུང་བྱས་ནས་ལོ་13ཕྱིན་སོང་། ལོ་13རིང་གི་དཔྱིད་གསར་སྐྱེལ་འདྲེན་ལས་འགན་ལེགས་པར་བསྒྲུབས་པ་ཡིན། དེའི་རིང་རང་ཁྱིམ་དུ་གནམ་གང་ཐེངས་བཞི་ལྔ་ཙམ་ལས་གཏོང་མྱོང་མེད། ད་ལོའང་ང་རང་ད་དུང་ལོ་གསར་ཚེས་གསུམ་བར་ལས་རེས་འཁེལ་འདུག”ཅེས་ལི་དབྱིན་པིན་གྱི་སྐད་གདངས་དམའ་པོས་བཤད་མོད། འོན་ཀྱང་ངོ་གདོང་ལས་འཕྲལ་མར་འཛུམ་མདངས་འཕྱུར། “དེར་བརྟེན་འཚང་གཡོལ་བཀོད་སྒྲིག་བྱས་ཏེ། དུས་ཆེན་མ་འཆར་གོང་ཁོམ་དུས་ཤིག་བཙལ་ནས་ཕྲུ་གུ་དང་མཉམ་དུ་སྡོད་དགོས་བསམ་བྱུང་། ལོ་གསར་ཚེས་བཞི་ནས་ངལ་གསོ་ཡིན། དེ་དུས་ཕྲུ་གུ་འཁྲིད་དེ་ཕ་ཡུལ་དུ་ལོག་ནས་རྒན་རྒོན་དང་མཉམ་དུ་སྡོད་རྒྱུ་བྱུང་ན་བསམ་བྱུང་། འཚང་གཡོལ་མཉམ་འཛོམས་ཀྱང་མཉམ་འཛོམས་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།