མཚོ་སྔོན་ཞིང་ཆེན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2026ལོར་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་རེད།
གནམ་སྔོན་སྲུང་འཐབ་ཁྲོད་PM2.5གར་ཚད་དམའ་རུ་གཏོང་རྒྱུ་དེ་གཙོ་རྐང་དུ་བྱས་ནས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་གཏོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཤིང་། སྦགས་བཙོག་ཚབས་ཆེ་བའི་གནམ་གཤིས་ཀྱི་འཕྲལ་སྡོམ་བཙོག་འབུད་གསལ་ཐོ་བཟོས་ནས། སྦགས་བཙོག་ཚབས་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཟི་ལིང་དང་མཚོ་ཤར་གྱི་རླུང་ཁམས་ཆེན་པོའི་ས་ཁོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་མཉམ་སྒྲུབ་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།
ཆུ་དྭངས་སྲུང་འཐབ་ཁྲོད་ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ལ་འགུལ་རྣམ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཙང་པོའི(མཚེའུ)བཙོག་འབུད་མདོ་ཁར་གྲལ་བཤེར་བཅོས་སྒྲིག་བྱས་ཏེ། བཙོག་འབུད་མདོ་ཁའི་རིམ་དབྱེ་རིགས་དབྱེའི་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་མ་ལག་བསྐྲུན་རྒྱུ་དང་། བཟོ་ལས་གླིང་ཁུལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་སྒྲིག་ཆས་ཀྱི་ནུས་ཕྱོད་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་ཅན་གྱི་བཅོས་སྒྲིག་ཕན་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་ཆུ་གཟུགས་ཆུང་ངུའི་ཁོར་ཡུག་གནད་དོན་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་ཏན་ཏིག་སྤེལ་རྒྱུ་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ལ་ཆེད་དོན་བརྟག་ཞིབ་བྱེད་པ། རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་གནས་ཚུལ་ཚོད་སྐོར་ལས་དོན་སྤེལ་རྒྱུ་རེད།
ས་གཙང་སྲུང་འཐབ་ཁྲོད་ས་རྒྱུའི་སྦགས་བཙོག་གནས་ཚུལ་ཡོངས་བཤེར་དང་ས་འོག་ཆུའི་སྦགས་བཙོག་བརྟག་དཔྱད་གདེང་འཇོག་བྱེད་འགོ་བཙུགས་ནས། ཀན་ཧོ་ཆུ་བོ་དང་གོར་མོའི་བཟོ་ལས་གླིང་ཁུལ་གྱི་ས་འོག་ཆུའི་སྦགས་བཙོག་དོ་དམ་ཚོད་འཛིན་བྱ་རྒྱུ། གྲོང་གསེབ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་ལས་དོན་ལ་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་ཀྱི་བཅོས་སྒྲིག་ཕན་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་བསམ་འཆར་མང་བའི་ཕྱུགས་རིགས་དང་ཁྱིམ་བྱའི་གསོ་ཚགས་སྦགས་བཙོག་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
《མཚོ་སྔོན་ཞིང་ཆེན་གྱི་སྙིགས་རོ་ཁོར་ཡུག་སྦགས་བཙོག་འགོག་བཅོས་སྲོལ་ཡིག》གི་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་དང་། སྙིགས་རོ་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་ལག་ལེན་བསྟར་བ། ཚྭ་འདམ་དང་རྡོ་སྲིང་སྙིགས་མ་སོགས་བཟོ་ལས་ཀྱི་སྙིགས་རོ་འབོར་ཆེན་གཞི་ཁྱོན་ཅན་གྱི་བེད་སྤྱོད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་དང་། བེད་མེད་གློག་ཆས་བཤིག་པ་དང“ཐོན་གསར་གསུམ”གྱི་བེད་མེད་སྒྲིག་ཆས་ཀྱི་ཁོར་ཡུག་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།