རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་བརྗོད་དོན།
བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་ཉིང་རྡུལ་གློག་གིས་2030ལོར་གོ་ལ་ཧྲིལ་པོའི་གློག་ཤུགས་ཕྱེད་ཀ་མཁོ་འདོན་ཐུབ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་སྔོན་དཔག་ལྟར་ན། ད་ལྟ་ནས་2030ལོའི་བར་གོ་ལ་ཧྲིལ་པོའི་གློག་ཤུགས་དགོས་མཁོའི་ལོ་རེའི་ཆ་སྙོམས་འཕར་ཚད་3.5%ལས་བརྒལ་རྒྱུ་དང་། 2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་གློག་ཤུགས་གྲུབ་ཆའི་ཁྲོད་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་ཉིང་རྡུལ་གློག་གི་བསྡོམས་འབོར་གྱིས་བཟུང་བའི་བསྡུར་ཚད་50%བར་འཕར་རྒྱུ་ཡིན་པ་རེད།
གོ་ལ་ཧྲིལ་པོའི་གློག་ཤུགས་མ་ལག་དང་ཁྲོམ་རའི་ལོ་འཁོར་སྙན་ཞུ《གློག་ཤུགས་2026》ནང་འཁོད་པ་ལྟར་ན། ད་ལྟ་ནས་2030ལོའི་བར་གློག་ཤུགས་དགོས་མཁོའི་འཕར་ཚད་ཀྱིས་སྔོན་དཔག་བྱས་ན་ཉུང་མཐར་ཡང་སྤྱི་ཡོངས་ཀྱི་ནུས་རྒྱུའི་དགོས་མཁོའི་འཕར་ཚད་ཀྱི་ལྡབ་2.5ཟིན་རྒྱུ་ཡིན་ཞིང་། སྐུལ་སྤེལ་རྒྱུ་རྐྱེན་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་འཕར་བ་དང་། གློག་སྒུལ་རླངས་འཁོར་རྒྱུན་མཐུད་ཁྱབ་གདལ་ཐུབ་པ། མཁའ་རླུང་སྙོམས་སྒྲིག་གི་གློག་སྤྱོད་མང་དུ་འགྲོ་བ། དེ་བཞིན་གྲངས་གཞིའི་ལྟེ་གནས་དང་མི་ཐབས་རིག་ནུས་ཀྱི་གློག་སྤྱོད་ཚད་འཕར་བ་སོགས་ཚུད་ཡོད། གསར་དར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་ནི་སྔར་བཞིན་གློག་ཤུགས་དགོས་མཁོ་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱི་གློག་སྤྱོད་ཚད་དེ་ལོ་15ཡི་རིང་གི་འཕར་མཚམས་ཆད་རྗེས་སླར་ཡང་འཕར་འགོ་ཚུགས་པ་རེད།
སྙན་ཞུའི་ནང་བསྟན་དོན། ཉི་ནུས་གློག་གཏོང་སྒྲིག་བཀོད་ཀྱི་ཟིན་ཐོ་གསར་པ་བཏོད་པའི་བཀོད་སྒྲིག་གི་སྐུལ་འདེད་འོག གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་དེ་རྡོ་སོལ་གྱི་གློག་གཏོང་བ་ལས་བརྒལ་བ་དང་། གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན་དེ་གཉིས་པོ་2025ལོར་ཧ་ལམ་གཅིག་མཚུངས་ཡིན་པ་རེད། ཉིང་རྡུལ་ནུས་པའི་གློག་གཏོང་ཚད་ཀྱིས་ཀྱང་ཟིན་ཐོ་གསར་པ་བཏོད་ཡོད། སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་ཉིང་རྡུལ་གློག་གིས་གོ་ལ་ཧྲིལ་པོའི་གློག་ཤུགས་ཀྱི་50%མཁོ་འདོན་བྱ་རྒྱུ་དེ་མིག་སྔའི་42%ལས་མཐོ་བ་ཡོད། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་གློག་ཤུགས་གྲུབ་ཆའི་ཁྲོད་ཀྱི་རྡོ་སོལ་གློག་གཏོང་གི་ཐོབ་སྐལ་ཆག་པ་དང་སྔོན་དཔག་བྱས་ན་2030ལོར་2021ལོའི་ཆུ་ཚད་དུ་ཆག་རྒྱུ་རེད། དེར་བརྟེན་གོ་ལ་ཧྲིལ་པོའི་གློག་གཏོང་ཁྱབ་ཁོངས་ཀྱི་ཐཱན་འབུད་ཚད་སྔོན་དཔག་བྱས་ན་མིག་སྔ་ནས་2030ལོའི་བར་སྤྱིར་ན་བརྟན་པོ་ཡོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།