དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་གསར་མཁོ་ཆས་འབེལ་ལྷུག་ལྷུག དམངས་ཀྱི་ཞལ་རས་འཛུམ་དམུལ་དམུལ།

    —— ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་ལོ་གསར་མཁོ་ཆས་ཁྲོམ་རའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། རིག་འཛིན་རྡོ་རྗེ། ཉི་མ་བཀྲ་ཤིས།   |     སྤེལ་དུས།  2026-02-13


    རེས་གཟའ་སྤེན་པ་ཞིག་གི་ཞོགས་པར། གསར་འགོད་པ་ལྷ་ས་ནས་རྡོག་ཐོན་བྱས་ཏེ་རྒོད་དཀར་ལའི་ཕུག་ལམ་བརྒྱུད་ལྷོ་ཁ་གྲོང་ཁྱེར་ཕྱོགས་སུ་བསྐྱོད་པས། ཇ་ཡུན་ཙམ་ལ་བོད་མིའི་འབྱུང་གནས་སུ་གྲགས་པའི་རྩེད་ཐང་གྲོང་རྡལ་དུ་འབྱོར། དེ་ཉིན་རྩེད་ཐང་གི་ནམ་མཁའ་གཡའ་དག་ཅིང་ཉི་འོད་ལྷག་པར་དྲོ།

    དཔྱིད་གསར་དུས་ཆེན་དང་བོད་མེ་ཕོ་རྟ་ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ས་མཐོའི་གནའ་གྲོང་འདིར་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ། ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་ཚོང་ར་ཆེ་གྲས་ཁག་ཏུ་མི་ཚོགས་བུང་བའི་ཚོགས་བཞིན་འདུས་ཤིང་། ལོ་གསར་གྱི་མཁོ་ཆས་སྣ་ཚོགས་དང་། བོད་བཟོའི་ནང་ཆས། གྱོན་ཆས་ལ་སོགས་ཚོང་ཟོག་གང་དགོས་སྣ་ཁ་འཛོམས། གྲོང་མི་ཚོ་ཡར་རྒྱུག་མར་རྒྱུག་གིས་རང་གི་བློ་འདོད་དང་དགོས་མཁོ་ལྟར་དངོས་ཟོག་ཉོ་བར་བྲེལ་བ་དང་ཚོང་པ་རྣམས་ནི་མགོ་ལ་མེ་ཤོར་ཡང་གསོད་ཁོམ་མེད་པ་ལྟ་བུའི་བྲེལ་བས་ཚོང་རྒྱག་བཞིན་འདུག་པས། དེ་ནི་དངོས་གནས་ལྗགས་ཚོང་ཉི་མ་ཤར་ཤར་ཟེར་བ་རང་རེད།

    ཞོགས་པའི་ཆུ་ཚོད་11ཙམ་ལ། ཟླ་འོད་ཁྲོམ་རའི་སྒོ་ཁར་མི་ཚོགས་ཀྱིས་ཁེངས་ཤིང་། ཐག་རིང་ས་ནས་ཚོང་པ་ཚོས་རྒྱ་བོད་སྐད་གཉིས་ཐོག་ནས་སྐུ་མགྲོན་འབོད་པའི་སྐད་སྒྲ་སྣ་ཚོགས་རྣ་བའི་བུ་གར་ཐོས་འོང་། ཁྲོམ་བཀྱག་སྟེང་བཟོ་དབྱིབས་ལྷག་པར་མཛེས་པའི་རྩེ་སྒྲོ་དང་། བཀྲ་ཤིས་རྟགས་བརྒྱད་ལ་སོགས་ཀྱི་རི་མོ་བརྐོས་པའི་ཕྱེ་མར་འབོ། ལྷོ་ཁ་ཁོ་ནར་ཡོད་པའི་ཨང་ཀི་བརྒྱད་དབྱིབས་ལས་བཟོས་པའི་སྡེར་ཁ། ཚོན་མདོག་སྣ་ལྔའི་དར་ལྕོག་དང་། ཤམ་བུ། ལུག་མགོ་ལ་སོགས་ལོ་གསར་གྱི་མཁོ་ཆས་མ་ལུས་ཚང་མ་འདི་གར་བཤམས་འདུག དེ་བཞིན་ལོ་ལྟར་བོད་ཀྱི་ལོ་གསར་འཆར་རིམ་བཞིན་ཤིང་ཏོག་སྐམ་པོ་འཚོང་ལ་བྲེལ་བའི་ཤིན་ཅང་གི་ཚོང་པའི་མགྲོན་འབོད་ཀྱི་སྐད་སྒྲ་དེ་བས་རྣ་ལམ་དུ་ལྷང་ངེར་གྲགས་འོང་། མཚོ་སྨད་ཀྱི་ཚོང་པ་བཀྲ་ཤིས་ཀྱིས་དཀར་ཆུའི་ཐོན་རྫས་དང་། གྲོ་མ། འཛིམ་བུ། ཁམ་བུ་སོགས་ཀྱི་ཡུལ་ཟོག་འཚོང་བཞིན་ཡོད་པ་དང་དེ་གར་མངགས་ཉོ་བྱེད་མཁན་ཧ་ཅང་མང་། ཁོང་གིས། ངས་ལོ་ལྟར་འདི་གར་ཚོང་རྒྱག་པར་ཡོང་གི་ཡོད། དགུན་དུས་ཕ་ཡུལ་དུ་ལས་བྲེལ་དེ་ཙམ་མེད་པས་ཚོང་ཏོག་ཙམ་བརྒྱབ་ན་ལག་དངུལ་ཡོང་གི་འདུག ལོ་གསར་མ་འཆར་གོང་གི་ཟླ་ཕྱེད་རིང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཚོང་བརྒྱབ་ན་ཁེ་བཟང་ཡག་པོ་རག་གི་འདུག ང་ཚོའི་ཚོང་ཟོག་ཚང་མ་རྒྱུ་གཙང་སྤུས་གཙང་གི་ཡུལ་ཟོག་ཡིན་སྟབས་ཉོ་མཁན་མང་པོ་འདུག དུས་སང་ཡང་མུ་མཐུད་ཡོང་གི་ཡིན་ཞེས་འཛུམ་དམུལ་དམུལ་ངང་བཤད།

    ལྷོ་ཁའི་ཧྲེན་ལེ་དུས་རབས་ཐང་ཆེན་དང་ཁྲོམ་གཟིགས་སྒང་སོགས་ཚོང་ར་ཆེ་ཁུལ་དུ་འཁྲུག་ཆ་དེ་བས་དོད། ཟོག་སྒྲོམ་སྟེང་མར་དང་། སྡེར་ཁ། ཐུད། ཕག་ཤ་སོགས་རིགས་ཕྱེ་ནས་གྲལ་འགྲིག་པོར་བསྒྲིགས་ཡོད་པ་དང་། ད་དུང་བཟོ་ལྟ་དཔེ་གསར་གྱི་བོད་ཆས་དང་ཁ་པར་གྱི་འདོགས་ཆས། བོད་བཟོའི་ལྟོ་ཕད་སོགས་ལ་ན་གཞོན་ཚོས་དེ་བས་དགའ་པོ་བྱེད། གྲོང་མི་ཚེ་རིང་གིས་ལག་ཏུ་ལོ་གསར་གྱི་མཁོ་ཆས་སྣ་ཚོགས་བླུགས་པའི་འགྱིག་ཁུག་ཆེ་ཆུང་བཞི་ཙམ་ཁྱེར་ནས་སྐད་འཕྲིན་ནས་དངུལ་རྩིས་བརྒྱབ་རྗེས་ཁ་ཕྱིར་བསྐོར་ཏེ་བོད་ཆས་ཚོང་ཁང་དུ་བསྐྱོད། ཁོང་གིས། ད་ལོ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དུས་མཉམ་དུ་འཁེལ་ནས་ངལ་གསོའི་དུས་ཚོད་རིང་པོ་ཡོད་ཙང་། བུའི་ནང་མི་ཚང་མ་ཁྱིམ་དུ་ལོ་གསར་གཏོང་བར་ལོག་ཡོང་གི་ཡིན་ཟེར་བས། ང་འདི་གར་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་བ་ཡིན། ད་ལོ་ནང་མི་མཉམ་འཛོམས་ཡོང་རྒྱུ་ཡིན་པས་ངས་ལོ་གསར་གྲ་རྒྱས་པོ་ཞིག་གཏོང་རྩིས་ཡོད་ཅེས་བཤད། ཐང་ཆེན་གྱི་གཞོགས་གཡོན་མར་སྣམ་ཆས་སྣ་ཚོགས་ཚོང་བའི་ཚོང་ཁང་ཞིག་འདུག གསར་འགོད་པས་རྒྱུས་ལོན་ཞིབ་ཕྲ་བྱས་པ་བརྒྱུད་ཁོང་ནི་གྲ་ནང་རྫོང་བྱམས་པ་གླིང་ནས་རེད་འདུག ཁོང་གིས། དེང་དུས་མི་ཚང་མའི་འཚོ་བ་ཡག་ཏུ་ཕྱིན་སྟབས་ཚང་མས་གཟབ་སྤྲོས་ལ་དང་དོད་ཆེན་པོ་བྱེད་ཀྱི་འདུག ངས་ལོ་གསར་གོང་གི་ཟླ་བ་གཅིག་རིང་འདིར་ཁང་གླ་གླས་ནས་ཚོང་བརྒྱབ་པ་ཡིན། ད་བར་ཚོང་ཧ་ཅང་བྲིན་པོ་བྱུང་ཞེས་དགའ་སྣང་ཆེན་པོས་བཤད།

    གཞན་ཡང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དག་ནི་ཁྲོམ་ར་མཛེས་པའི་རྒྱན་དུ་གྱུར་ཅིང་། གྲ་ནང་རྫོང་གི་དོན་གྲུབ་ཀྱི་ལག་ཤེས་ལས་ཐོན་པའི་ཤིག་བརྐོས་ཕྱེ་མར་འབོའི་བརྐོས་དཀྲོལ་ཞིབ་ཚགས་ལ་ཚོན་མདོག་ཧ་ཅང་སྣུམ་ཞག་དོད་པས་ཕར་བལྟས་ཚོད་ལ་དེ་ནི་ལོ་གསར་གྱི་བཀྲ་ཤིས་རྟེན་འབྲེལ་གྱི་མཛེས་རྒྱན་ཙམ་དུ་མ་ཟད། ཉར་ཚགས་ཀྱི་རིན་ཐང་ཡང་ཆེན་པོ་ལྡན་འདུག་སྙམ། རྒྱ་ཚ་རྫོང་གི་ཚོང་པ་ཆོས་འཕེལ་གྱི་ཤིང་ཕོར་འཚོང་སར་མི་ཚོགས་མང་པོ་འདུས་འདུག་ཅིང་། ཁོང་གི་ཕྱག་སོར་ལས་ཐོན་པའི་ཤིང་ཕོར་གྱི་སྤུས་ཀ་དག་ལ་བཟོ་ལྟ་ཧ་ཅང་ལེགས་པོ་ཡོད་པས། རྒྱུན་དུ་ལྷོ་ཁ་དང་བོད་ཀྱི་ས་ཁུལ་གཞན་དག་ཙམ་མ་ཟད། ཐ་ན་རྒྱལ་ནང་དུའང་བྲིན་ཁ་རྒྱུག་པོ་ཡོད། གོང་དཀར་གྱི་ཟངས་ཆས་དང་སྨིན་གྲོལ་གླིང་གི་སྤོས་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བསྒྲིགས་པའི་ཁྲོམ་བཀྱག་མདུན་དུའང་གོང་ཚད་འདྲི་མཁན་དང་ཅ་ལག་ཉོ་མཁན་བུང་བའི་ཚོགས་བཞིན་འཁོར་འདུག ལག་ཤེས་པ་ཚོས་ལོ་གསར་གྱི་ཁྲོམ་རར་བརྟེན་ནས་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐུབ་པ་མ་ཟད། ད་དུང་ཡོང་འབབ་ཀྱང་མི་ཉུང་བ་གསོག་ཐུབ་ཀྱི་ཡོད་པས། ལོ་གསར་མཁོ་ཆས་ཁྲོམ་ར་ནི་སྐྱེ་བོ་མང་པོའི་ལག་ཤེས་ངོམ་སའི་གར་སྟེགས་ཤིག་ཡིན་ལ། དེ་བས་ཁོང་ཚོའི་ཡོང་འབབ་གསོག་སའི་ལས་སྟེགས་གལ་ཆེན་ཞིག་ཏུའང་གྱུར་ཡོད།

    ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ། མང་ཚོགས་ཀྱི་ལོ་གསར་མཁོ་ཆས་ཉོ་བའི་དགོས་མཁོ་སྐོང་བ་དང་ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“བདེ་སྐྱིད་ལྡན་པའི་ཡར་ཀླུང་། དགའ་སྐྱིད་འཚོ་བར་ལོངས་སྤྱོད། ལོ་ཟོག་དགའ་བས་ཉོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བསུ་བའི་ལོ་གསར་མཁོ་ཆས་འགྲེམས་ཚོང་བྱེད་སྒོ་སྤེལ་ནས། ཤིང་འབྲས་སྐམ་པོ་དང་། བྱི་རིལ། ལག་ཤེས་ཐོན་རྫས། ཁ་ཟས། ཚགས་ཤ་དང་ལུག་ཤ མི་རིགས་གྱོན་ཆས(ལྷམ་དང་ཞྭ་མོ)སོགས་ལོ་གསར་གོང་དུ་བྲིན་ཁ་ཤིན་ཏུ་རྒྱུག་པའི་ཞིང་འབྲོག་ཐོན་རྫས་ལ་གཙོ་བོར་དམིགས་ནས་དུས་ཆེན་གྱི་འཛད་སྤྱོད་ལ་སྐུལ་སྤེལ་བཏང་བ་རེད། དེ་དང་ཆབས་ཅིག ཁྲོམ་རའི་ཟོག་གོང་དང་སྤུས་ཚད་ལ་ལྟ་འདོམས་གནད་སྨིན་བྱས་པས། གྲོང་མིའི་འཛད་སྤྱོད་བྱེད་སེམས་ཆེ་རུ་ཕྱིན་པ་དང་ཚོང་པའི་གདེང་ཚོད་ཀྱང་ཆེས་ཆེར་འཕེལ་ཡོད་པ་རེད།

    སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་ནས་དར་སོ་ཆེ་བའི་གྱོན་ཆས་བར་དང་། དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱིས་ལོ་གསར་མཁོ་ཆས་འཚོང་བའི་བར། རྩེད་ཐང་གི་ལོ་གསར་མཁོ་ཆས་ཁྲོམ་ར་ནས་ཡར་ཀླུང་མང་ཚོགས་ཀྱི་སྐྱ་ནམ་རྒྱས་པའི་འཚོ་བ་གསར་པ་མངོན་པ་ཙམ་མ་ཟད། ས་མཐོའི་འཛད་སྤྱོད་རིམ་སྤོར་གྱི་གསོན་ཤུགས་ཀྱང་གང་ལེགས་མངོན་གྱི་ཡོད། སྣ་ཁ་འཛོམས་པའི་ཚོང་ཟོག་དང་མི་ཚོགས་ཀྱི་འདུ་ལོང་ལས་དཔལ་འབྱོར་གྱི་འཕེལ་ཁ་དང་མང་ཚོགས་ཀྱི་འཚོ་བ་ཇི་འདྲ་ཡོད་མེད་ངང་གིས་རྟོགས་ཐུབ་ལ། ཡར་ཀླུང་གི་བུ་ཕྲུག་ཚོས་འཚོ་བ་གསར་པར་བཅངས་པའི་བསམ་འདུན་བཟང་པོའང་ཤེས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།