ལའེ་ཅའོ་ཡིས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་ཨ་མདོ་རྫོང་དུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་ཨ་མདོ་རྫོང་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོལ་འགྲེལ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྐབས་བརྗེའི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད། ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ལ་འཚམས་འདྲི་བཅས་གནང་བ་རེད།
གསེར་རྙེད་ཆུས་ཀྱི“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་ཏང་ཡོན་རྒན་གྲས་རྡོ་རྗེའི་ཁྱིམ་དུ་ལའེ་ཅའོ་ཡིས་རྒད་པོ་དང་སྙིང་གཏམ་ཤོད་རེས་དང་བདེ་སྡུག་བཀའ་འདྲི་གནང་བ་དང་། ཁོང་ལ་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། ཁྲོམ་གཞུང་དང་གྲོང་སྡོད་ལས་དོན་རུ་ཁག་གིས་བརྩེ་བ་བཅངས་ནས་ཏང་ཡོན་རྒན་གྲས་ལ་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁོང་ཚོ་ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱེད་དགོས་པའི་མངགས་བཅོལ་གནང་ཡོད། ནག་ཆུ་གྲོང་ཁྱེར་ཀྲེ་ཅང་Cཁུལ་དུ་ལའེ་ཅའོ་ཡིས་ཏང་ལོ་46ལོན་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བསོད་ཚེ་དང་མཉམ་དུ་སྔ་རྒྱུས་ད་རྒྱུས་གླེང་བ་དང་། “དབུ་དཀར་ཤེས་སྟོབས”མུ་མཐུད་བཏོན་ནས་ནག་ཆུའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་གྱི་ཞིང་འབྲོག་ཏང་ཡོན་རྒན་མོ་མར་རྡིས་ད་ལོ་ལོ་73ཡིན་པ་དང་དུས་ཡུན་རིང་པོའི་ནང་སྤྱི་ཕན་བྱ་གཞག་བསྒྲུབས་ཡོད། ལའེ་ཅའོ་ཡིས་ཁོང་ཁྱིམ་གྱི་གང་ས་ཅི་ཐད་ཀྱི་གནས་ཚུལ་ལ་ཐུགས་ཁུར་ཟབ་མོས་བཀའ་འདྲི་གནང་བ་དང་། ཁྱིམ་མིར་ཏང་གི་དམངས་ཕྱུག་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བར་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
ཁོང་གིས་ནན་བཤད་གནང་དོན། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་པ་དང་ཏང་གི་གཞི་རིམ་རྩ་འཛུགས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་ཀྱི་ལས་འགན་ལྕི་པོ་དེ་བས་ཡག་པོ་འཁུར་དགོས།
འབྲེལ་ཡོད་གསར་འགྱུར།