ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གསང་ཡིབ་སྡེ་ཁུལ་གྱི་གནད་སྨིན་ཞབས་ཞུས་ཁྱིམ་ཚང་གི་ལྟ་སྐྱོང་དཀའ་ངལ་བསལ་བ།
སྐྱིད་སྣང་དོད་ལ་ཞབས་ཞུ་ལེགས་པའི་བཅོལ་ཉར་སྤྲོ་སྐྱིད་ཁང་།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་བདེ་ཁྲོམ་གཞུང་གསང་ཡིབ་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་སྒྲོལ་མས“ངེད་བཟའ་ཚོ་གཉིས་ཀ་ལས་ཀར་སྐྱོད་དགོས་པའི་ཁར་རྒན་རྒོན་ལོ་ན་མཐོ་བས་དགུན་ཁའི་གུང་གསེང་རིང་ཕྲུ་གུར་ལྟ་སྐྱོང་བྱེད་ཁོམ་མེད་ལ་སྦྱོང་ཚན་ཟུར་ཁྲིད་དེ་བས་བྱེད་ཐུབ་ཀྱི་མི་འདུག”ཅེས་བཤད་པ་དང་དེ་ནི་ལས་བཟོའི་ཁྱིམ་ཚང་མང་པོ་ཞིག་གི་གུང་གསེང་རིང་ཕྲུ་གུར་ལྟ་སྐྱོང་བྱེད་པའི་ཐད་འཕྲད་པའི་ཐུན་མོང་གི་དཀའ་ངལ་ཞིག་རེད།
2025ལོའི་དགུན་ཁའི་གུང་གསེང་སྐབས། གསང་ཡིབ་སྡེ་ཁུལ་གྱིས“ཕྲུ་གུའི་སློབ་རོགས་བཅོལ་ཉར་སྤྲོ་སྐྱིད་ཁང”བཙུགས་པ་དེས་ཁོངས་གཏོགས་ཁུལ་གྱི་བྱིས་པ་80ལྷག་ཙམ་གུང་གསེང་རིང་བློ་བདེ་པོའི་ངང་འགྲོ་ས་བྱུང་ཡོད་ལ། ཁྱིམ་བདག་ཚོའི་སེམས་ནང་གི་ཁུར་པོའང་ཡང་དུ་ཕྱིན་ཡོད། “ཕྲུ་གུའི་སློབ་རོགས་བཅོལ་ཉར་སྤྲོ་སྐྱིད་ཁང”བཙུགས་པ་དེ“སྡེ་ཁུལ་དང་། མཐོ་སློབ། ཟ་ཁང་བཅས་ཟུང་དུ་འབྲེལ་བའི”རྣམ་པ་འཚོལ་ཞིབ་བྱས་པ་ཙམ་མ་ཟད། དེ་བས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམངས་འཚོར་ལན་སློག་པའི་ལག་ལེན་དངོས་ཤིག་རེད།
གསང་ཡིབ་སྡེ་ཁུལ་དུ་མི་འབོར་མང་ཞིང་། ཁོངས་གཏོགས་ཁུལ་དུ་བཟའ་ཚང་གཉིས་ཀ་ལས་བཟོ་ཡིན་པའི་ཁྱིམ་ཚང་གི་བུ་ཕྲུག་གིས་བཟུང་བའི་བསྡུར་ཚད་མཐོ་བས་དབྱར་དགུན་གྱི་གུང་གསེང་རིང་། “ཕྲུ་གུར་ལྟ་སྐྱོང་བྱེད་མཁན་དང་སྦྱོང་ཚན་ཟུར་ཁྲིད་བྱེད་མཁན་མེད་པ”ནི་ཁྱིམ་བདག་ལ་འཕྲད་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
“དཀའ་གནད་དེ་ལྟ་བུ་ནི་ཁྱིམ་ཚང་གི་སྒེར་དོན་ཞིག་མིན་པར་སྡེ་ཁུལ་བཅོས་སྐྱོང་བྱེད་པར་ངེས་པར་དུ་ལན་སློག་དགོས་པའི་སྤྱི་པའི་གྲོས་གཞི་ཞིག་རེད”ཇི་ལྟར་བྱས་ནས་ཙག་ཙིག་གི་རོགས་སྐྱོར་དེ་ཚད་ལྡན་ཅན་དང་རྒྱུན་གཏན་ཅན་གྱི་ཞབས་ཞུར་བསྡུ་སྒྲིལ་བྱེད་པ་དང་ཇི་ལྟར་བྱས་ནས་ཕྱོགས་མང་པོའི་ཐོན་ཁུངས་སྤྱི་འདོམས་ཀྱིས་ཁྱིམ་ཚང་གི“ལྟ་སྐྱོང་བྱེད་དཀའ་བའི”གནད་དོན་ཐག་གཅོད་བྱ་རྒྱུ་ནི་གསང་ཡིབ་སྡེ་ཁུལ་གྱིས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།
“ཕྲུ་གུའི་སློབ་རོགས་བཅོལ་ཉར་སྤྲོ་སྐྱིད་ཁང”བཙུགས་པ་དེ་སྟེས་དབང་གི་དང་བླངས་ཞབས་ཞུ་ཞིག་ལས་བྱུང་བ་རེད། 2025ལོའི་དབྱར་ཁར་གསང་ཡིབ་སྡེ་ཁུལ་གྱི“ཕྲུ་གུའི་དྲིལ་བསྒྲགས”དང་བླངས་ཞབས་ཞུ་རུ་ཁག་གིས་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་སྐབས་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི“གངས་ལྷ་མེ་ཏོག”ཚོགས་པའི་སློབ་མ་སྤེན་པ་སྒྲོལ་མས་རང་འགུལ་ངང་མིང་ཐོ་བཀོད་ནས་ཞུགས་པ་རེད།
བྱེད་སྒོ་སྤེལ་རིང་། སྤེན་པ་སྒྲོལ་མས་རྒན་རྒོན་གྱི་ཁང་པར་གཙང་སྦྲ་བྱེད་པ་དང་རིག་ནུས་ལག་ཐོགས་ཁ་པར་སྤྱོད་སྟངས་བསླབས་པས་འགན་འཁྲི་ནན་པོ་ཁུར་བའི་ཁོང་གི་རྣམ་འགྱུར་ཐོག་ནས་སྡེ་ཁུལ་གྱི་ལས་དོན་པར་མཐོ་སློབ་ཐོན་ཁུངས་དང་སྡེ་ཁུལ་གྱི་དགོས་མཁོ་སྦྲེལ་མཐུད་བྱས་ཚེ་ཡག་པོ་ཡོང་བ་ཤེས་རྟོགས་བྱུང་ཡོད། “གངས་ལྷ་མེ་ཏོག”ཚོགས་པའི་སློབ་མའི་ངོས་ནས་བརྗོད་ན། ཁོང་ཚོས་ཤེས་ཡོན་ལ་བརྟེན་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བ་དང་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བར་རམ་འདེགས་བྱེད་པའི་ཐོག་མའི་བསམ་འདུན་འཆང་བཞིན་ཡོད་རུང་། བློས་འགེལ་ཆོག་པའི་གཞི་རིམ་གྱི་ལག་ལེན་ལས་སྟེགས་ཤིག་ཐོག་མཐའ་བར་གསུམ་དུ་རྙེད་མེད། གསང་ཡིབ་སྡེ་ཁུལ་ལ་ཆེད་ལས་སྟོབས་ཤུགས་ཀྱིས་བཅོལ་ཉར་ཞབས་ཞུའི་ཁྲོད་ཀྱི“ཟུར་ཁྲིད་བྱེད་དཀའ་བའི”གནད་དོན་འཕྲལ་མར་ཐག་གཅོད་བྱེད་དགོས་པས་ཕྱོགས་གཉིས་པོའི་དབར་གསབ་རེས་བྱེད་དགོས་ཀྱི་ཡོད།
དགོས་མཁོ་དེ་རིགས་གསབ་རེས་བྱེད་པ་དེས་སློབ་གྲྭའི་མཉམ་ལས་ཁང་གི་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་བ་དང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པའི་སྐུལ་འདེད་ཤུགས་ཆེན་ལས་མཉམ་ལས་དེ་བསམ་འདུན་ནས་དོན་དངོས་སུ་གྱུར་ཏེ་ཕྱོགས་གཉིས་པོ་འབྲེལ་མཐུད་བྱེད་པའི“སེམས་སྦྲེལ་ཟམ་པ”ལྟ་བུར་གྱུར་ཡོད།
“ལྟ་སྐྱོང་བྱེད་དཀའ་བ་དང་། ཟུར་ཁྲིད་བྱེད་དཀའ་བ། ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱེད་དཀའ་བ”བཅས་གསུམ་ནི་གུང་གསེང་རིང་བཅོལ་ཉར་ཞབས་ཞུར་འཕྲད་པའི་དཀའ་གནད་ཆེན་པོ་གསུམ་རེད། གསང་ཡིབ་སྡེ་ཁུལ་གྱི“ཕྲུ་གུའི་སློབ་རོགས་བཅོལ་ཉར་སྤྲོ་སྐྱིད་ཁང”གིས་འཁོར་འབྲེལ་ཧྲིལ་པོའི་ཇུས་འགོད་བརྒྱུད“བཅོལ་ཉར་དང་། སློབ་ཚན། བཟའ་བཏུང་བཅས་ཟུང་དུ་འབྲེལ་བའི”གདུབ་ཟུམ་ཞབས་ཞུའི་རྣམ་པ་བཏོད་དེ། ཚབ་ཉར་ཞབས་ཞུ་དེ“གཞི་རྩའི་ལྟ་སྐྱོང”ནས“སྤུས་ལེགས་སྡོད་རོགས”སུ་རིམ་སྤོར་བྱས་ཡོད།
ཆེད་ལས་རང་བཞིན་གྱི་ཟུར་ཁྲིད་ཐད། དང་བླངས་པའི་ཚོགས་པས་ལོ་ན་མི་འདྲ་བའི་བྱིས་པའི་ཤེས་རྟོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དམིགས་སའི་རང་བཞིན་གྱི་སློབ་ཁྲིད་ཇུས་གཞི་བཟོས་ཡོད། སློབ་ཆུང་སློབ་མར་མཚོན་ན། དང་བླངས་པས་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་ཐུང་ངུའི་ཐོག་ནས་ཤེས་བྱ་ཤེས་ཐུབ་པར་བྱེད་པ་དང་དམའ་རིམ་སློབ་འབྲིང་གི་སློབ་མར་མཚོན་ན། རིགས་པའི་གཞུང་ལུགས་ཀྱི་གཟབ་ནན་རང་བཞིན་དང་རིག་གཞུང་ཚན་ཁག་གི་བསམ་གཞིག་གསོ་སྐྱོང་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད།
“ཕྲུ་གུའི་སློབ་རོགས་བཅོལ་ཉར་སྤྲོ་སྐྱིད་ཁང”གིས་ད་དུང་ཚན་རིག་ཁྱབ་གདལ་གྱི་ཚོད་ལྟ་དང་། གསུང་རབ་ཀློག་པ། ལུས་རྩལ་རོལ་རྩེད་སོགས་ཁྱད་ཆོས་སྣ་ཚོགས་ལྡན་པའི་སློབ་ཚན་བཀོད་སྒྲིག་བྱས་པ་དང་ཆབས་ཅིག“སྡེ་ཁུལ་དང་ཟ་ཁང་ཟུང་དུ་འབྲེལ་བའི”མཉམ་འགུལ་ལ་བརྟེན་ནས་བྱིས་པར“ལྟོ་ཆས་སྟེར་མཁན་མེད་པའི”གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད། གསང་ཡིབ་སྡེ་ཁུལ་གྱིས“ཕྲུ་གུའི་དྲིལ་བསྒྲགས”ཀྱི་ཟ་ཁང་གི་ལེ་ལག་འཐུས་སྒོ་ཚང་དུ་བཏང་ནས་བྱིས་པའི་འཚོ་བཅུད་ཀྱི་དགོས་མཁོར་གཞིགས་ཏེ་ཚན་རིག་དང་མཐུན་པའི་ངང་ཚལ་ཐོ་བཟོས་ནས་ཉིན་ལྟར་ཤ་ཡོད་པའི་ཚལ་གཅིག་དང་། ཤ་མེད་པའི་ཚལ་གཅིག ཐང་གཅིག འབྲས་སོགས་འཚོ་བཅུད་ལྡན་པའི་བཟའ་བཅའ་མཁོ་འདོན་བྱས་ཏེ་བཟའ་བཅའ་སོས་པ་དང་བྲོ་བ་འཚམ་པོ་ཡོང་བའི་འགན་ལེན་བྱས་ཡོད།
“ཉིན་ལྟར་སྐད་འཕྲིན་ཚོགས་པའི་ནང་ནས་ཕྲུ་གུ་ཚོས་སློབ་སྦྱོང་ནན་ཏན་བྱེད་པ་དང་། སྤྲོ་སྣང་ལྡན་པའི་ངང་རྩེད་མོ་རྩེ་བཞིན་པ། ད་དུང་འཚོ་བཅུད་ཕུན་སུམ་ཚོགས་པའི་ཁ་ལག་ཟ་བཞིན་པ་བཅས་མཐོང་སྐབས་ང་བློ་ཧ་ཅང་བདེ་པོ་འདུག”ཅེས་ཁྱིམ་བདག་ཅིག་གིས་ལན་བཞག་པ་དེས་ཁྱིམ་བདག་མང་པོའི་བསམ་ཚུལ་མཚོན་གྱི་ཡོད།
འབྲེལ་ཡོད་གསར་འགྱུར།