དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ལག་བསྟར་བསམ་འཆར་བཀྲམ་པ།

    རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པ་དང་། གློག་ཤུགས་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། གློག་ཤུགས་མ་ལག་གསར་པ་སྐྲུན་པ་བཅས་ཀྱི་བླང་བྱར་གཞིགས་པ། རྒྱལ་ཡོངས་སུ་གཅིག་གྱུར་དང་ཐོགས་མེད་འཁོར་རྒྱུག་མཐའ་འཁྱོངས། ཁྲོམ་ར་ཁག་བགོས་དང་ས་ཁོངས་ཀྱི་བཀག་རྒྱ་མེད་པར་བཟོ་བ། ཁྲོམ་ར་ནུས་ཆེ་སྦྲེལ་མཐུད་དང་སྦྲེལ་མཐུད་འཚམ་པོ་ཡོང་བར་སྐུལ་འདེད། གློག་ཤུགས་ཁྲོམ་རའི་མཁོ་སྤྲོད་ཆུ་ཚད་མཐོ་བའི་འགུལ་རྣམ་དོ་སྙོམས་ཡོང་བར་སྤྱི་འདོམས་སྐུལ་འདེད། གཞི་ཁྱོན་ཆེ་རུ་གཏོང་བ་དང་། གྲུབ་ཆ་ལེགས་སུ་གཏོང་བ། བྱེད་ནུས་རྒྱ་སྐྱེད་གཏོང་བ་བཅས་ལ་ཤུགས་རྒྱག་པ། གཅིག་གྱུར་སྒོ་དབྱེ་དང་། འགྲན་རྩོད་གོ་རིམ་ལྡན་པ། བདེ་འཇགས་ནུས་ཆེ། བཅོས་སྐྱོང་འཐུས་ཚང་བཅས་ཀྱི་གློག་ཤུགས་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གློག་ཤུགས་མ་ལག་བདེ་འཇགས་བློས་འགེལ་ངང་འཁོར་སྐྱོད་ཐུབ་པའི་རྨང་གཞིའི་ཐོག་ཁྲོམ་རའི་འཁོར་སྐྱོར་ཐོགས་མེད་གོ་རིམ་ལྡན་པ་དང་། ཉོ་ཚོང་སྒྲིག་སྲོལ་གཅིག་གྱུར་ནུས་ཆེ། ཁེ་ཕན་བགོ་བཤའ་དྲང་གཞག་ལུགས་མཐུན་བཅས་ཡོང་བར་བྱས་ནས་ནུས་རྒྱུ་བདེ་འཇགས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་བཅས་འགན་ལེན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། 《བསམ་འཆར》ནང་། 2030ལོར་སླེབས་སྐབས་རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་དང་། 2035ལོར་སླེབས་སྐབས་རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་དགོས་པ་ཁ་གསལ་བཏོན་ཡོད།

    《བསམ་འཆར》ནང་བཏོན་དོན། གཅིག་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་ལ་སྐུལ་འདེད་བཏང་ནས་རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་མ་ལག་མངོན་འགྱུར་བྱེད་པའི་ཐབས་ལམ་ལེགས་སུ་བཏང་སྟེ། ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བའི་གློག་ཤུགས་ཉོ་ཚོང་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། གཉིས་ནས་གློག་ཤུགས་ཁྲོམ་རའི་བྱེད་ནུས་ཁག་འཐུས་སྒོ་ཚང་དུ་བཏང་ནས་རིན་གོང་ཤེས་རྟོགས་དང་མཁོ་སྤྲོད་ལེགས་སྒྲིག་དེ་བས་ཡག་པོ་ཐུབ་པའི་ལག་ཡོད་ཚོང་ཟོག་ཁྲོམ་ར་ཕྱོགས་ཡོངས་ནས་སྐྲུན་པ་དང་། གློག་ཤུགས་བདེ་འཇགས་དང་མཁོ་སྤྲོད་བརྟན་པོ་ཐུབ་པའི་དུས་ཡུན་རིང་འབྲིང་གི་ཁྲོམ་ར་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། གློག་ཤུགས་མ་ལག་སྟབས་བསྟུན་ལེགས་སྒྲིག་ལ་འདེགས་སྐྱོར་བྱེད་པའི་རམ་འདེགས་ཞབས་ཞུའི་ཁྲོམ་ར་མགྱོགས་མྱུར་སྐྲུན་པ། ཁོར་ཡུག་གི་རིན་ཐང་དེ་བས་ཆེ་བ་མངོན་འགྱུར་བྱེད་པའི་ལྗང་མདོག་གློག་ཤུགས་ཁྲོམ་ར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཚད་ལྡན་དང་གོ་རིམ་ལྡན་པ་དང་སྟབས་བདེ་ནུས་ཆེའི་སིལ་ཚོང་ཁྲོམ་ར་གཏོད་དགོས། གསུམ་ནས་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་འདྲ་མཉམ་དང་རྒྱ་ཁྱབ་ངང་གློག་ཤུགས་ཁྲོམ་རར་ཞུགས་པར་སྐུལ་འདེད་བཏང་ནས། གློག་གཏོང་མཁན་ཕྱོགས་དང་། སྤྱོད་མཁན་ཕྱོགས། གཉེར་སྐྱོང་བྱེད་པོ་གསར་པ་བཅས་གློག་ཤུགས་ཁྲོམ་རར་ཞུགས་པར་སྔར་བས་སྐུལ་འདེད་གཏོང་དགོས། བཞི་ནས་རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་ལམ་ལུགས་མ་ལག་བཙུགས་ནས་གློག་ཤུགས་ཁྲོམ་རའི་སྒྲིག་སྲོལ་མ་ལག་གཅིག་གྱུར་བཟོ་བ་དང་། གློག་ཤུགས་ཁྲོམ་རའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གློག་རིན་གྲུབ་རྐྱེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གློག་ཤུགས་ཁྲོམ་རའི་ལག་རྩལ་ཚད་གཞི་གཅིག་གྱུར་བཟོ་བ་བཅས་བྱས་ཏེ། རྒྱལ་ཡོངས་སུ་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་ཡིད་རྟོན་ལམ་ལུགས་འཛུགས་དགོས། ལྔ་ནས་སྲིད་ཇུས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གློག་ཤུགས་འཆར་འགོད་དང་གློག་ཤུགས་ཁྲོམ་རའི་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་ཐག་གཅོད་དང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ། གློག་ཤུགས་ཁྲོམ་རའི་གདེང་འཇོག་ལམ་ལུགས་འཛུགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།