ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་མཐུན་སྦྱོར་ལམ་སྲོལ་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་10ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་མཐུན་སྦྱོར་ལམ་སྲོལ་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་བཀོད་འགན་འཁྲི་ཞིག་རེད་ལ། འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་སྒུག་ཅིག་ཀྱང་རེད། ང་ཚོས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ། མུ་མཐུད་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། འགག་སྒྲོལ་དམག་འཐབ་རྒྱག་ཐུབ་པ་དང་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ཐུབ་པའི་ཆོད་སེམས་དང་འགན་སེམས་འཆང་བ་བཅས་བྱས་ཏེ། ཞིང་འབྲོག་པའི་འབབ་འཕར་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུ་དང་འཕེལ་རྒྱས་གསར་པ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བསྟན་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྒྱུད་རིམ་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས། ཐབས་མང་མཉམ་སྤྱོད་དང་སྟོབས་ཤུགས་མཉམ་འདོན་བྱེད་དགོས་ཀྱི་ཡོད། དམིགས་ཚད་ལ་དམ་པོར་དམིགས་ནས་དམ་འཛིན་ལྷོད་མེད་དང་། འགན་འཁྲི་ནན་དཀྲི། གནད་སྨིན་ཇུས་བསྟར་བཅས་བྱས་ཏེ། སྙིང་རུས་གཏན་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་བ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཁོང་དུ་ཡག་པོ་ཆུད་པ་དང་བེད་སྤྱོད་ཡག་པོ་གཏོང་བ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་ཡོ་བྱད་ཇུས་འགོད་བཅས་བྱས་ཏེ། སྲིད་ཇུས་ཀྱི་ཁེ་སྤོགས་དེ་བཀོལ་སྤྱོད་ཆོག་པ་དང་དོན་འཁྱོལ་ཐུབ་པའི་ཞིབ་ཕྲའི་བྱ་ཐབས་སུ་གང་མགྱོགས་སྒྱུར་དགོས། ནུས་པ་ལྡན་པའི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་སྟེགས་གསར་སྐྲུན་དང་། སྒྲིག་སྲོལ་གཏན་འཁེལ། ཞན་ཆ་ཡོངས་སེལ། ཉེན་ཁ་སྔོན་འགོག་སོགས་ཐད་ཀྱི་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས། ཞིང་འབྲོག་པའི་འབབ་འཕར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དུས་ཐུང་འབབ་འཕར་དང་ཕུགས་ཕན་ཞིང་ཕྱུག་ལ་སྤྱི་འདོམས་བྱེད་དགོས་ཤིང་། གཙོ་གནད་ཚོགས་སྤྱིར་དམ་པོར་དམིགས་ནས་བབ་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་རྒྱག་པ་དང་དབུལ་པོ་མི་ཆག་པའི་མཐའ་ཚད་ཡུན་རིང་བརྟན་པོར་སྲུང་དགོས་ལ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ཁར། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།