དབུ་ཤོག
  • ཡན་ཅིན་ཧའེ་ཡིས་དབང་པོ་སྐྱོན་ཅན་དང་། དྭ་ཕྲུག རྒན་རྒོན་སོགས་ཚོགས་སྤྱིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-13

     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་ཀྱི་ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ལྟེ་གནས་དང་། བོད་ལྗོངས་བྱིས་པའི་ཕན་བདེ་ཁང་། ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་བཅས་སུ་ཕེབས་ནས་དབང་པོ་སྐྱོན་ཅན་དང་། དྭ་ཕྲུག རྒན་རྒོན་སོགས་ཚོགས་སྤྱིར་འཚམས་འདྲི་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་གནང་བ་རེད།

    ཡན་ཅིན་ཧའེ་དང་ཐོག་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་བཅོལ་གསོ་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཚད་གཞི་དང་། དྲག་སྐྱེད་ཞབས་ཞུ། ལས་ཞུགས་སྲིད་ཇུས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ཚང་མར་སྤྲོ་སྣང་གི་བསམ་པ་རྒྱུན་འཁྱོངས་བྱེད་པ་དང་། ནད་གསོའི་སྦྱོང་བརྡར་ཧུར་ཐག་བྱེད་པ། འགྲན་སློང་ལ་དཔའ་ངར་ཆེན་པོས་ཁ་གཏད་གཅོག་པ། འཚོ་བར་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱ་རྒྱུའི་ལྕག་སྐུལ་གནང་ཞིང་། ཁོང་གིས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ནི་བླ་ན་མེད་པའི་སྤྱི་ཚོགས་ཀྱི་བྱ་གཞག་ཅིག་ཡིན་པས་གཅེས་སེམས་དང་འགན་འཁྲིར་བརྟེན་ནས་དབང་པོ་སྐྱོན་ཅན་ཚོགས་སྤྱིའི་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ནང་བཞག་སྟེ་འབྲེལ་ཡོད་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་དབང་པོ་སྐྱོན་ཅན་ལ་ནད་གསོའི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བོད་ལྗོངས་བྱིས་པའི་ཕན་བདེ་ཁང་ནི་ལྗོངས་ཡོངས་ཀྱི་གཞུང་བཙུགས་བྱིས་པའི་ཕན་བདེའི་སྒྲིག་གཞི་ཐོག་མ་དེ་ཡིན་ཞིང་། དེས་དྭ་ཕྲུག་དང་བྱིས་པ་དབང་པོ་སྐྱོན་ཅན། དེ་བཞིན་བསྐྱུར་ཕྲུག་གསོ་ཉར་དང་། སྨན་བཅོས། དྲག་སྐྱེད། སློབ་གསོ་སོགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་བྱེད་འགན་འཁུར་གྱི་ཡོད།

    ཡན་ཅིན་ཧའེ་ཡིས། བྱིས་པའི་ཕན་བདེའི་བྱ་གཞག་ནི་རླབས་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཡིན་པས། ཕན་བདེའི་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་དང་འདང་ངེས་བྱེད་པ་དང་བྱམས་སེམས་དང་གཅེས་སྐྱོང་དེ་བས་མང་བ་བྱས་ནས། ཁོང་ཚོ་ཕྲུ་གུ་གཞན་དང་འདྲ་བར་གནམ་སྔོན་པོའི་འོག་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བ་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    “ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཚང་མའི་རྒན་རྒོན་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་ཡན་ཅིན་ཧའེ་དང་རྒན་རྒོན་ཚོའི་དབར་མཇལ་དར་སྒྲོན་རེས་ཀྱིས་ཕན་ཚུན་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད། ཁོང་ཚོའི་འཚོ་བ་ཕུན་སུམ་ཚོགས་སུ་དང་སྐྱིད་དུ་ཕྱིན་པ་གཟིགས་སྐབས་ཡན་ཅིན་ཧའེ་ཡིས། རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས་རྒན་རྒོན་ཚོགས་སྤྱིར་དེ་བས་དོ་ཁུར་དང་། གཅེས་སྐྱོང་། སེམས་ཁུར་བཅས་བྱེད་པ་དང་རྒན་རྒོན་གྱི་འཚོ་བའི་དགོས་མཁོ་དང་བསམ་པའི་རེ་སྒུག་ལ་དམིགས་ཏེ་བསམ་བློ་དང་བརྩེ་སེམས་ལ་བརྟེན་ནས་ཞིབ་ཚགས་ཅན་དང་། མི་གཤིས་ཅན། ཆེད་ལས་ཅན་བཅས་ཀྱི་ཞབས་འདེགས་ཞུས་ཐོག་རྒན་རྒོན་ཚོར་ཚེ་མཇུག་གི་བདེ་སྐྱིད་ལོངས་སུ་སྤྱོད་དུ་འཇུག་པ་དང་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྤྲོ་སྐྱིད་གཏོང་རྒྱུ་ཡོད་པ། རྒས་དུས་བརྟེན་ས་ཡོད་པ། རྒས་དུས་བློ་སེམས་བདེ་བ་བཅས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།